ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཨ་ཀིན་ཐིན་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྒྲོམ་གཞིའི་འོག ཨ་ཀིན་ཐིན་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧྥེ་ཨར་ནན་ཏི་སི་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ཨ་ཀིན་ཐིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཝང་ཝེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཝང་ཝེ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཀིན་ཐིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨ་ཀིན་ཐིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་གསར་བ་ཡིན་པའི་ཆ་ནས། ཁོས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་ཧུར་ཐག་སྒོས་དངོས་འབེབས་བྱེད་པ་དང་། བསྟུད་མར་ཀྲུང་གོ་དང་ཨ་ཀིན་ཐིན་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།
ཝང་ཝེ་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།