ཁི་ལུང་རྒྱལ་སྤྱིའི་ཟས་རིགས་འགྲེམ་སྟོན་ཚོགས་འདུ་སྤེལ་མགོ་བརྩམས།
2023.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་ཟས་རིགས་ལས་རིགས་ཀྱི་འགྲེམ་སྟོན་ཚོགས་འདུ་ཁི་ལུང་རྒྱལ་སྤྱིའི་ཟས་རིགས་འགྲེམ་སྟོན་ཚོགས་འདུ་ཚེས་བདུན་ཉིན་འཇར་མན་གྱི་ཁི་ལུང་འགྲེམ་ཚོགས་ལྟེ་གནས་སུ་སྤེལ་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅོ་བརྒྱད་ནས་ཡོང་བའི་ཁེ་ལས་སྟོང་བདུན་དང་བརྒྱད་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས།

སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་ལྔ་ཡིན་ཞིང་། རྒྱུན་མཐུད་འཕེལ་རྒྱས་བརྗོད་སྙིང་དུ་བཟུང་ཡོད་ལ། གཙོ་བོ་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆའི་འདེབས་འཛུགས་དང་ནམ་ཟླ་བཟང་བའི་ཐོན་སྐྱེད། ཟས་རིགས་ཀྱི་ཆུད་ཟོས། འཁོར་རྒྱུག་ཟས་རིགས་མ་ལག་མངོན་འགྱུར་བྱེད་པ་སོགས་ཁྱབ་ཁོངས་མང་བོའི་རྒྱུན་མཐུད་འཕེལ་རྒྱས་ཐབས་ལམ་ལ་དོ་སྣང་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་ཐོན་ཁུངས་དཀོན་པ། མི་གྲངས་ཇེ་མང་དུ་འགྲོ་བ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་དམིགས་ཡོད།

སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་ཀྲུང་གོའི་ཁེ་ལས་དྲུག་བརྒྱ་ཙམ་ཞུགས་ཡོད་པ་དང་། ཀྲུང་གོ་སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་དབྱི་ཐཱ་ལེའི་རྗེས་སུ་ཆེས་ཆེ་བའི་ཕྱི་རྒྱལ་གྱི་འགྲེམ་སྟོན་རྒྱལ་ཁབ་གཉིས་པར་གྱུར་ཡོད། གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ཀྲུང་གོའི་ཁེ་ལས་ཀྱིས་འགྲེམ་སྟོན་བྱས་པའི་ཁྱད་ལྡན་ཟས་རིགས་དང་གསར་གཏོད་ཐོན་རྫས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།

འགྲེམ་སྟོན་ཚོགས་འདུར་ཞུགས་པའི་འགྲེམ་སྟོན་ཚོང་བའི་དཀར་ཆག་ལས་མངོན་པ་ལྟར་ན། ཕྱི་རྒྱལ་གྱི་འགྲེམ་སྟོན་ཚོང་བས་བརྒྱ་ཆའི་གོ་བཞི་ཟིན་ཡོད་པ་དང་། གཙོ་སྒྲུབ་མཁན་ཁི་ལུང་འགྲེམ་སྟོན་ཀུང་ཟིའི་ཙུང་ཚེའམ་དབུ་བཞུགས་ལག་བསྟར་དཔོན་པོ་པའོ་ཙེ་ཡིས་བསྟན་དོན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་དེ་སྔོན་ཆད་ཀྱི་གཞི་རྒྱ་ཆེ་བར་མ་ཟད་རྒྱལ་སྤྱིའི་རང་བཞིན་ཀྱང་སྔར་ལས་ཇེ་དྲག་ཏུ་སོང་ཡོད་ལ། དེ་ལས་འཛམ་གླིང་ཡོངས་ཀྱི་ཟས་རིགས་འགྲེམ་སྟོན་ཆེས་ཆེན་མོ་ཞིག་ཡིན་པའི་ཆ་ནས་བསྟུད་མར་ལེགས་འགྲུབ་བྱུང་བ་མཚོན་ཡོད་ཟེར།

ཁི་ལུང་རྒྱལ་སྤྱིའི་ཟས་རིགས་བདེ་འཇགས་འགྲེམ་སྟོན་ཚོགས་འདུ་དེ་གཅིག་སྟོང་དགུ་བརྒྱ་ང་གཅིག་ལོར་གསར་དུ་སྤེལ་མགོ་བརྩམས་པ་དང་། ད་ལྟ་ལོ་གཉིས་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཟས་རིགས་དང་ཟས་རིགས་ལག་རྩལ་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་ལྟ་ཞིབ་བྱེད་པའི་སྒེའུ་ཁུང་ལྟ་བུར་གྱུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།