སི་རི་ཡཱའི་དམག་ཕྱོགས་ཀྱིས་སྡོད་དམངས་འདུས་སྡོད་ཁུལ་ལ་དམིགས་པའི་མི་བསྡད་མེད་པའི་གནམ་གྲུ་བདུན་འགས་གཏོར་བཏང་།
2023.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

སི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དམག་དཔུང་གིས་ཉིན་དེར་སྡོད་དམངས་འདུས་སྡོད་ཁུལ་ལ་དམིགས་པའི་མི་བསྡད་མེད་པའི་གནམ་གྲུ་བདུན་འགས་གཏོར་བཏང་ནས་སར་འཕངས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་བདུན་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་དང་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན། ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་བཅས་ཀྱི་བར་སྣང་ནས་འགས་གཏོར་བཏང་སྟེ་སར་འཕངས་ཡོད། མི་བསྡད་མེད་པའི་གནམ་གྲུ་དེ་དག་གིས་སྡོད་དམངས་འདུས་སྡོད་ཁུལ་ལ་དམིགས་ཡོད་པ་དང་། དམིགས་ཡུལ་ནི་སྡོད་དམངས་དག་ལ་འཇིགས་སྐུལ་ནས་སྤྱི་སྒེར་གྱི་སྒྲིག་ཆས་ལ་གཏོར་བརླག་བྱེད་ཆེད་རེད་ཟེར།

སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་དམག་དོན་སློབ་གླིང་ཞིག་གིས་ཚེས་ལྔ་ཉིན་མཐར་ཕྱིན་མཛད་སྒོ་སྤེལ་སྐབས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས། སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་དོན་བདུན་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།