ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ས་ཡོམ་བྱུང་སྟེ་མི་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཨ་ཧྲ་ལི་ཡིས་ཚེས་བདུན་ཉིན་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་ནུབ་བྱང་ཕྱོགས་སུ་ཉིན་དེར་ས་ཡོམ་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་གཅིག་ཙམ་ལ་རྨས་ཕོག་ཡོད་ཟེར།

ཨ་ཧྲ་ལི་ཡིས་བཤད་རྒྱུར། རྨས་མ་ཚང་མ་ཧི་ལཱ་ཐི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧི་ལཱ་ཐིའི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཞིང་ཆེན་དེའི་ཅིན་ཏཱ་ཀྲན་ས་ཁུལ་དང་ཀུའུ་ལི་ཨན་ས་ཁུལ་གྱི་གྲོང་སྡེ་བཅུ་གཉིས་ལ་གཏོར་བརླག་ཐེབས་ཡོད་ཟེར།

ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཁང་གིས་ཚད་འཇལ་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་ནུབ་བྱང་ས་ཁུལ་དུ་ཚེས་བདུན་ཉིན་གྱི་ཕྱི་དྲོར་སྔ་གཞུག་ཏུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་ཐེངས་གཉིས་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་བཅུ་རེད་ཟེར། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་རྒྱལ་ཁབ་གནོད་འཚེ་དོ་དམ་དང་མི་ཆོས་རིང་ལུགས་ལས་དོན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ས་ཡོམ་དེ་ལས་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། གནོད་ཐེབས་ས་ཁུལ་གྱི་འཕྲིན་གཏོང་ཆད་པའི་དབང་གིས་སྡེ་ཁག་དེར་གནས་སྐབས་སུ་པཱ་ཏི་ཅི་སི་དང་ཧྥ་ལཱ་ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་སྙན་ཞུ་འབྱོར་མེད་ལ། ཚོད་དཔག་བྱས་ན་ཤི་རྨས་བྱུང་བའི་མི་གྲངས་ཇེ་མང་དུ་འགྲོ་སྲིད་ཟེར།

ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་ས་ཡོམ་དེའི་ཁྲོད་ཤི་རྨས་བྱུང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།