ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བལྟས་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་ཆབ་སྲིད་ཐག་གཅོད་ཀྱི་མདུན་ལྗོངས་མེད་པ་དང་མིག་སྔའི་གནས་བབ་ཛ་དྲག་ཏུ་གྱུར་བ་ནི་ཉེན་ཁ་ཆེ་བའི་དོན་ཞིག་ཡིན་པ་དང་། མི་སེར་དཀྱུས་མའི་ཚེ་སྲོག་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ཡོད་པར་འདོད། ཕྱོགས་གཉིས་ཀྱིས་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་མུ་མཐུད་དུ་ཛ་དྲག་ཏུ་གྱུར་བ་དང་། བདེ་འཇགས་དང་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཚབས་ཆེན་དུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བལྟས་ན། ས་ཁུལ་གྱི་རྒྱུན་མཐུད་གཏན་འཇགས་མངོན་འགྱུར་བྱེད་པར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་། རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་གཞིར་བཟུང་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་དེ་དྲང་བདེན་སྒོས་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་དགོས་པར་འདོད།
གསལ་སྒྲོག་ལྟར་ན། ཉིན་དེའི་སྔ་དྲོར་སེ་ཞི་ལ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱི་ཁ་པར་འབྱོར་བ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཀྱི་རྗེས་ཕྱོགས་འཕེལ་ཚུལ་ལ་གྲོས་བསྡུར་བྱས། སེ་ཞི་ཡིས་ཉིན་དེར་ད་རུང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཁ་པར་བཏང་སྟེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།