ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ལས་མི་སྟོང་གཅིག་དང་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།
2023.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟི་སོགས་དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཚེས་བརྒྱད་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་དང་པོའི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི་བཞི་བརྒྱ་དང་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་ཡོད་ལ། མི་སྟོང་གཉིས་དང་སུམ་བརྒྱར་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་སྨན་བཅོས་སྡེ་ཁག་གིས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་སྟོང་གཉིས་དང་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། བཙན་ཁྲིད་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་སོང་བའི་མི་གཏའ་བརྒྱ་ལས་བརྒལ་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་མང་བོ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དམག་དོན་དམིགས་འབེན་མང་བོར་གཏོར་བཤིག་བཏང་ཡོད། དུས་མཚུངས་སུ་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མུ་མཐུད་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱི་ས་ཁུལ་མང་བོ་ནས་མཁའ་སྲུང་ཉེན་བརྡ་བཏང་ཡོད། ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་བཟོ་བཀོད་མང་བོར་འགས་གཏོར་བཏང་ནས་ཡུལ་དངོས་སུ་དུད་ནག་འཕྱུར་བཞིན་པ་མཐོང་ཐུབ་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་དྲུག་བསད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་སོ་སོར་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་སོགས་ཨ་རབ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་ནས། མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཛ་དྲག་གི་གནས་བབ་ལ་གྲོས་བསྡུར་བྱས།

ཧཱ་མཱ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་དང་ཁ་པར་གྲོས་མོལ་བྱས། ཧཱ་ནེ་ཡཱ་ཡིས་བསྟན་དོན། ཧཱ་མཱ་སིའི་དམག་དོན་འགུལ་སྐྱོད་ད་རུང་མཇུག་སྒྲིལ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།