ཟླ་བཅུ་བའི་ཚེས་བདུན་ཉིན། ཨ་ཧྥུའུ་ཧན་གྱི་ཧི་ལཱ་ཐི་ཞིང་ཆེན་དུ། གནོད་ཐེབས་མང་ཚོགས་ཀྱིས་ངལ་གསོ་བྱེད་བཞིན་པ།
ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཨ་ཧྲ་ལི་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ཚེས་བདུན་ཉིན་བྱུང་བའི་ས་ཡོམ་ལས་མི་སྟོང་གཉིས་དང་བཞི་བརྒྱ་ཞེ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཨ་ཧྲ་ལི་ཡིས་ཉིན་དེར་ད་རུང་བསྟན་དོན། ས་ཡོམ་གྱི་གནོད་པ་ཚབས་ཆེན་ཐེབས་པའི་ཧི་ལཱ་ཐི་ཞིང་ཆེན་གྱི་ཅིན་ཏཱ་ཀྲན་ས་ཁུལ་ནས། གྲོང་སྡེ་བཅུ་གསུམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། ཚོད་དཔག་བྱས་ན་ས་ཡོམ་ལས་ཤི་རྨས་བྱུང་བའི་མི་གྲངས་སྔར་ལས་ཇེ་མཐོར་འགྲོ་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་མང་དུ་བྱེད་དགོས་པའི་རེ་བ་བཏོན།
གསར་འགོད་པས་ཅིན་ཏཱ་ཀྲན་ས་ཁུལ་གྱི་གནོད་ཐེབས་ཡུལ་དངོས་ནས་མཐོང་བ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཟླ་གསར་དམར་པོ་ཚོགས་པ་སོགས་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་སྡེ་དམངས་དག་གིས་མཉམ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ལ། ཞིག་རོའི་ཁྲོད་དུ་སྲོག་ཉེན་ལས་ཐར་བའི་མི་དང་འདས་པོའི་བེམ་པོ་འཚོལ་བཞིན་ཡོད། ཨ་ཧྥུའུ་ཧན་སྲིད་གཞུང་སྡེ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ནས་ཡོང་བའི་རྒུད་སྐྱོབ་དངོས་རྫས་དག་བསྟུད་མར་གནོད་ཐེབས་ས་ཁུལ་དུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།
ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་རྒྱལ་ཁབ་གནོད་འཚེ་དོ་དམ་དང་མི་ཆོས་རིང་ལུགས་ལས་དོན་པུའུ་ཡི་མགྲིན་ཚབ་པ་སེ་དབྱེ་ཁི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ས་ཡོམ་ལས་ཧི་ལཱ་ཐི་དང་པཱ་ཏི་ཅི་སི། ཧྥ་ལཱ་བཅས་ཞིང་ཆེན་གསུམ་གྱི་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུར་གཏོར་བཤིག་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།