འདི་ནི་ཟླ་བཅུ་བའི་ཚེས་བརྒྱད་ཉིན། ཅཱ་ཧྲ་མཁར་ནས་པར་བླངས་པའི་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ལས་འགས་གཏོར་ཐེབས་པའི་སློབ་གྲྭ་ཞིག་གི་སྒོ་ཁའི་རྣམ་པ་རེད།
ཚེས་བརྒྱད་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་བར་མུ་མཐུད་དུ་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཕྱོགས་གཉིས་ཀྱི་མི་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ། འཐབ་འཁྲུག་མྱུར་དུ་མཚམས་འཇོག་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནས་བབ་ལ་དམིགས་ཏེ། ས་ཁུལ་དེའི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཚེས་བརྒྱད་ཉིན་བྲེལ་མྱུར་གྲོས་མོལ་བྱས། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོའི་ཕོ་བྲང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ལ་ཁ་པར་བཏང་སྟེ། ཨ་རབ་རྒྱལ་ཁབ་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། ཅཱ་ཧྲ་དང་དེའི་ཉེ་འཁོར་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཕྱི་འབྲེལ་ལ་བརྟེན་ནས་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་དུ་འཇུག་མ་ཐུབ་པས། ཆབ་སྲིད་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་རེ་བ་མེད་པར་གྱུར་བས་རེད་ཟེར། པུའུ་ལིན་ཁུན་གྱིས་བསྟན་དོན། ཨ་མེ་རི་ཁའི་ཕྱོགས་སོ་སོའི་བར་མཉམ་ལས་བྱས་ཏེ་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་སོ་སོའི་བར་འབྲེལ་འདྲིས་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁོས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་དབྱི་སི་རལ་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་གང་ལེགས་བྱེད་རྩིས་ཡོད་ལ། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་རལ་གྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་པར་གཡོ་འགུལ་ཅི་ཡང་ཡོད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།