ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། མིག་སྔའི་ལས་འགན་གཙོ་བོ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དྲག་ཤུགས་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་མཚམས་འཇོག་རྒྱུ་དེ་ཡིན་ལ། ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ནས། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་།
གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་དང་ཅོར་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་པའི་རྨང་གཞིའི་སྟེང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱས་ནས། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཐག་གཅོད་ཐུབ་པ་མངོན་འགྱུར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།