མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ཡུལ་འཁྱམ་བྱེད་པའི་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་ཡོད་པའི་ཚུལ་བསྟན།
2023.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡེ་ལུའུ་སཱ་ལེམ་ཤར་མ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་ཕཱ་ལེ་སི་ཐན་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ལས་ཅཱ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་ཁྱིམ་ཚང་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་ལྷག་དང་མི་འབུམ་གཉིས་དང་ཁྲི་གཉིས་ལྷག་ཡུལ་འཁྱམ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མི་ཁྲི་བདུན་དང་སྟོང་གསུམ་ཙམ་གྱིས་ཅཱ་ཧྲ་ས་ཁུལ་གྱི་སློབ་གྲྭ་མང་བོར་ཉེན་ཡོལ་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་གནས་པའི་བྲེལ་མྱུར་ཉེན་ཡོལ་ར་བ་སྒོ་འབྱེད་བྱས་ཏེ། ཡུལ་འཁྱམ་བྱེད་མཁན་དག་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཡོད་ཟེར།

དབྱི་སི་རལ་སྤྱི་བའི་རྒྱང་སྒྲོག་ཀུང་ཟི་སོགས་དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཚེས་བརྒྱད་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། འཁྲུག་རྩོད་དེ་ལས་དབྱི་སི་རལ་གྱི་མི་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བཞི་བརྒྱ་དང་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་བདུན་བརྒྱ་ང་གཅིག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།