རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཚེས་དགུ་ཉིན་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་གྲོང་ཁྱེར་ནས་སྤེལ་མགོ་བརྩམས། དེ་ནི་ལོ་ཚོགས་དེ་གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་ཁུན་ནེ་ཡཱའི་ནེ་ལོ་པུས་ནས་སྤེལ་རྗེས། ལོ་ངོ་ལྔ་བཅུའི་རིང་ཐོག་དང་པོར་ཡང་བསྐྱར་ཨ་ཧྥེ་རི་ཁ་གླིང་ནས་སྤེལ་བ་རེད། ཚོད་དཔག་བྱས་ན་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་འཕེལ་རྒྱས་དང་འགྲན་རྩོད་ལ་དོ་སྣང་སྔར་ལས་ཆེན་པོ་བྱས་ཡོད།
ཐེངས་འདིའི་ལོ་ཚོགས་ཀྱི་ཚོགས་ཡུན་ཟླ་བཅུ་བའི་ཚེས་དགུ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་གྱ་དགུ་ནས་ཡོང་བའི་འཐུས་མི་ཁྲི་གཅིག་དང་སྟོང་བཞི་ཚོགས་འདུར་ཞུགས་ཡོད། ལོ་ཚོགས་ཀྱི་སྐབས་སུ་འཛམ་གླིང་དཔལ་འབྱོར་གྱི་རྒྱང་བལྟས་སྙན་ཞུ་དང་། འཛམ་གླིང་ཡོངས་ཀྱི་དངུལ་ལོར་གཏན་འཇགས་སྙན་ཞུ། ནོར་སྲིད་ཀྱི་ལྟ་ཞིབ་ཚད་འཇལ་སྙན་ཞུ་བཅས་སྤེལ་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་བརྡར་གཅོད་གསར་དུ་བྱེད་རྒྱུ་རེད།
རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་དེའི་སྔོན་མགོ་རྩོམ་པའི་གཏམ་བཤད་སྤེལ་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལས་བབ་སྟུན་ནུས་པ་མངོན་པར་བྱས་ཡོད་ཀྱང་། འཕར་ཚད་དལ་བ་དང་འགལ་བ་ཇེ་དྲག་ཏུ་འགྲོ་བའི་འགྲན་རྩོད་ལ་འཕྲད་ཡོད་ཟེར། ཁོ་མོས་བལྟས་ན། ངེས་པར་དུ་དཔལ་འབྱོར་དང་དངུལ་ལོར་གྱི་གཏན་འཇགས་ལ་འགན་སྲུང་བྱས་ཤིང་། ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་སྟེ་བཟོད་སྒོམ་རང་བཞིན་དང་རྒྱུན་མཐུད་ཀྱི་དཔལ་འབྱོར་འཕར་སྣོན་གྱི་ཆེད་དུ་རྨང་གཞི་འདིང་དགོས་ལ། དེའི་ཞོར་དུ་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱིའི་བབ་སྟུན་ནུས་པ་མཐོར་འདེགས་བྱེད་དགོས་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།