ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཀྲུང་དབྱང་ཇུས་འདོན་པུའུ་ཡིས་ཞི་བའི་གྲོས་མོལ་དངོས་སུ་སྤེལ་མགོ་བརྩམས།
2023.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཀྲུང་དབྱང་ཇུས་འདོན་པུའུ་ཡིས་ཚེས་བརྒྱད་ཉིན་སིང་ཐན་ཏི་བྱང་མ་ཞིང་ཆེན་གྱི་ཏིས་ཝུའུ་གྲོང་ཁྱེར་ནས་མཉམ་དུ་ཁྱབ་བསྒྲགས་བྱས་དོན། ཕྱོགས་ཡོངས་ནས་དགྲར་འཛིན་གྱི་དྲག་ཤུགས་འགུལ་སྐྱོད་མཚམས་འཇོག་པ་དང་ཞི་བདེའི་གྲོས་མོལ་དངོས་སུ་མགོ་བརྩམས་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་དངོས་གཞིའི་ཞི་བདེའི་འཆར་གཞི་ཁྱབ་སྒྲོག་བྱེད་རྒྱུ་རེད།

གྲོས་མོལ་ཕྱོགས་ཁག་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཧུར་ཐག་སྒོས་ཞི་བདེའི་གྲོས་མཐུན་བཀོད་དེ། དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་བ་དང་། ཕྱོགས་ཡོངས་གཏན་འཇགས་དང་དུས་ཡུན་རིང་བོའི་ཞི་བདེ་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་ས་དེའི་སྡེ་ཁུལ་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཟེར།

དེ་ནི་ཁོ་ལོམ་པུ་ཡཱའི་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་ཞི་བདེའི་འཆར་གཞི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་ཇུས་འདོན་པུའུ་ནི་སྔོན་ཆད་ཆེས་ཆེ་བའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་ཆེ་བའི་ཡན་ལག་རུ་ཁག་ཡིན་པ་དང་། དྲག་ཆས་མི་སྣ་སྟོང་གསུམ་དང་ལྔ་བརྒྱ་ཙམ་ཡོད། ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་སྲིད་གཞུང་བར་ཞི་བདེའི་གྲོས་མཐུན་བཀོད་པ་དང་། ཉིས་སྟོང་བཅུ་བདུན་ལོར་དངོས་སུ་སྲིད་ཏང་བཙུགས་པ་ཁྱབ་བསྒྲགས་བྱས། ཡིན་ཡང་ཁོངས་མི་སྐོར་ཞིག་གིས་ཡན་ལག་རུ་ཁག་བཙུགས་པར་ངོ་རྒོལ་བྱས། དེའི་ནང་ཀྲུང་དབྱང་ཇུས་འདོན་པུའུ་ཡང་འདུས་ཡོད།

ད་ལོའི་ཟླ་དྲུག་པར་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཞན་པ་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་དེ་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནུས་ལྡན་དུ་གྱུར་ཡོད་ལ། ཡུན་ཚད་ཟླ་ངོ་དྲུག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།