སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། འབྲེལ་ཐག་ཆད་ནས་ལོ་ངོ་བདུན་འགོར་རྗེས། སུའུ་ཏན་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཐག་བཅད་ཡོད་ཟེར།
སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། འདས་པའི་ཟླ་ངོ་འགའི་རིང་མཐོ་རིམ་དཔོན་པོའི་འབྲེལ་འདྲིས་བྱས་རྗེས། སུའུ་ཏན་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་པ་ཡིན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་གྱི་བདག་དབང་དང་འདྲན་མཉམ་ལ་བརྩི་འཇོག་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་དང་ཞི་བདེ་མཉམ་གནས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡིད་འཐད་བྱུང་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སུའུ་ཏན་དང་དབྱི་ལིང་གིས་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་རྒྱུར་ཡིད་འཐད་བྱུང་ཡོད་ཟེར།
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་ལིང་དང་སུའུ་ཏན་གྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པ་ཡིན། དབྱི་ལིང་དང་སུའུ་ཏན་གྱིས་བྱེད་ཐབས་སྤྱོད་པར་འཐད་པ་བྱུང་ཡོད་ལ། ཉེ་སྔོན་ཕན་ཚུན་རྒྱལ་ཁབ་ཏུ་གཞུང་ཚབ་ཁང་ འཛུགས་རྒྱུ་མ་ཟད། དཔོན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཕན་ཚུན་བར་འཚམས་འདྲི་བྱེད་པར་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།