མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་མི་ལེགས་པ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2023.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་བའི་ཚེས་དགུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་གཏམ་བཤད་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་གཏམ་བཤད་སྤེལ་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་གནས་བབ་མི་ལེགས་པ་དེ་ཞི་འཇགས་སུ་བཏང་ནས། གྲོས་མོལ་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ། དེ་མིན་དབུས་ཤར་ས་ཁུལ་གྱི་དུས་ཡུན་རིང་བོའི་གཏན་འཇགས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་སྔོན་གྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དྲག་ཆས་འཁྲུག་རྩོད་དེ་གློ་བུར་དུ་རྒྱུ་མཚན་མེད་པར་བྱུང་བ་ཞིག་མ་ཡིན་ལ། དེ་ནི་ལོ་ངོ་ང་དྲུག་རིང་གི་བཙན་བཟུང་དང་ཆབ་སྲིད་ཐག་གཅོད་ལ་རེ་བ་མེད་པར་གྱུར་བ་ལས་བྱུང་བའི་དུས་ཡུན་རིང་བོའི་འཁྲུག་རྩོད་ཅིག་རེད། དབྱི་སི་རལ་གྱིས་ངེས་པར་དུ་རང་གི་ཁྲིམས་མཐུན་གྱི་བདེ་འཇགས་དགོས་མཁོ་བསྐང་བ་མཐོང་དགོས་པ་དང་། ཕཱ་ལེ་སི་ཐན་གྱི་མིས་ངེས་པར་དུ་སྒེར་ཚུགས་རྒྱལ་ཁབ་འཛུགས་པ་མངོན་འགྱུར་བྱེད་པའི་མདུན་ལྗོངས་གསལ་བོར་མཐོང་དགོས། ཕྱོགས་གཉིས་ཀྱི་རེ་འདུན་བསྐང་བའི་གྲོས་མོལ་ལ་བརྟེན་ནས་ཞི་བདེ་བྱུང་ན། ད་གཟོད་ཕཱ་ལེ་སི་ཐན་དང་དབྱི་སི་རལ། ཐ་ན་རྒྱ་ཆེ་བའི་དབུས་ཤར་ས་ཁུལ་གྱི་མི་དམངས་དག་ལ་དུས་ཡུན་རིང་བོའི་གཏན་འཇགས་བསྐྲུན་ཐུབ་ཟེར།

ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ལ། དབྱི་སི་རལ་གྱིས་བཀག་སྡོམ་བྱས་ན་གནས་བབ་དེ་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད། ཅཱ་ཧྲ་ས་ཁུལ་དུ་སྨན་བཅོས་སྒྲིག་ཆས་དང་ཟས་རིགས། འབར་རྫས་སོགས་མི་ཆོས་རིང་ལུགས་ཀྱི་དངོས་རྫས་མཁོ་གལ་ཧ་ཅང་ཆེ་བ་དང་མི་ཆོས་རྒུད་སྐྱོབ་མི་སྣ་ཡུལ་དེར་འགྲོ་བར་ཆོག་མཆན་འགོད་པ་དང་། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གྲོགས་མེད་སྐྱབས་མེད་ཀྱི་ཕཱ་ལེ་སི་ཐན་གྱི་མིར་མི་ཆོས་རྒུད་སྐྱོབ་བྱེད་དུ་འཇུག་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་རྒྱབ་སྐྱོར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།