ཟླ་བཅུ་བའི་ཚེས་བཅུ་ཉིན། ཅཱ་ཧྲ་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ། དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་རྗེས་དུད་ནག་འཕྱུར་བཞིན་པ།
དབྱི་སི་རལ་གྱི་སྨྱན་བྱད་དང་ཕཱ་ལེ་སི་ཐན་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཚེས་བཅུ་ཉིན་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། མི་སྟོང་གཅིག་དང་དགུ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉིན་དེའི་དགོང་མོར་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ལས་དབྱི་སི་རལ་དུ་ཉུང་མཐར་ཡང་མི་སྟོང་གཅིག་དང་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། རྒྱལ་ཡོངས་ཀྱི་སྨན་ཁང་ཆེན་མོ་དག་གིས་དང་ལེན་བྱས་པའི་རྨས་མའི་ཁ་གྲངས་སྟོང་གཉིས་དང་དགུ་བརྒྱ་དང་གཅིག་ལ་འཕར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི་དགུ་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་དང་ལྔ་བརྒྱར་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་འདིའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་མི་བརྒྱ་དང་ང་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་གཏོར་བཤིག་བཏང་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་ཉེ་འདབས་ཀྱི་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨ་ཧྲི་ཁའེ་ལུང་བཟོ་ལས་ས་ཁུལ་ནས་ཧཱ་མཱ་སིའི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱས་ཏེ། ཧཱ་མཱ་སིའི་ཁོངས་མི་གསུམ་བསད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་བཅུ་ཉིན་གྱི་དགོང་མོར་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་བཞིན་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་དེ་སྔོན་ཆད་ཀྱི་རྣམ་པར་འགྱུར་མི་སྲིད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། དེའི་ནང་མེ་ཤུགས་འཕུར་མདའ་སྐོར་ཞིག་དབྱི་སི་རལ་གྱི་མངའ་ཁོངས་ཀྱི་མི་མེད་ས་སྟོང་དུ་ལྷུང་བ་རེད། དེའི་ལན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་སའི་ས་ཁོངས་སུ་སྒྱོགས་མདེལ་གཏོང་འཕེན་བྱས་ཡོད་ཟེར།
གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། མེ་ཤུགས་འཕུར་མདའ་བཅོ་ལྔ་ལེ་པཱ་ནུན་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་མཁའ་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའ་བཞི་བཀག་ཡོད་ལ། མེ་ཤུགས་འཕུར་མདའ་བཅུ་མི་མེད་ས་སྟོང་དུ་ལྷུང་ཡོད་ཟེར། དེ་ལས་གཞན་འཁོན་ལན་སློག་ཆེད་དབྱི་སི་རལ་གྱི་ཐན་ཁི་འཁོར་ལོས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལྟ་ཞིབ་སོ་ལྟ་ཁང་གཉིས་ལ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་གྱེན་འཕུར་གནམ་གྲུ་ཞིག་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལྟ་ཞིབ་སོ་ལྟ་ཁང་གཞན་ཞིག་ལ་འགས་གཏོར་བཏང་ཡོད་ཟེར།
ལེ་པཱ་ནུན་གྱི་དམག་ཕྱོགས་མི་སྣས་ཚེས་བཅུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མེ་ཤུགས་འཕུར་མདའ་མང་བོ་ཉིན་དེའི་ཕྱི་དྲོར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཐིས་ཨར་ས་ཁུལ་ནས་དབྱི་སི་རལ་གྱི་བྱང་ཕྱོགས་ཀྱི་ཅཱ་ལེ་ལེ་ས་ཁུལ་གྱི་ཉེ་འདབས་སུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་མེ་སྒྱོགས་ཆེ་གྲས་བཀོལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་རྒོལ་ལན་སྤྲད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།