ལི་པུ་ལི་ཡཱ་ཡིས་ཙུང་ཐུང་དང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།
2023.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་བཅུ་ཉིན། ལི་པུ་ལི་ཡཱའི་ཙུང་ཐུང་ཝེ་ཨ་ཡིས་མིན་ལོ་ཝེ་ཡཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།

ལི་པུ་ལི་ཡཱའི་ཙུང་ཐུང་དང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཚེས་བཅུ་ཉིན་སྤེལ་བ་དང་། ལི་པུ་ལི་ཡཱའི་ཙུང་ཐུང་དང་གྲོས་ཞུགས་གྲོས་མི་བཅོ་ལྔ། དམངས་གྲོས་གྲོས་མི་དོན་གསུམ་བཅས་གདམ་རྒྱུ་རེད།

འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་བཅུ་ཉིན་གྱི་སྔ་དྲོར་ལི་པུ་ལི་ཡཱའི་ས་ཁུལ་མང་ཆེ་བ་ནས་མགོ་བརྩམས་པ་དང་། འདེམ་དམངས་ས་ཡ་གཉིས་དང་འབུམ་བཞི་ལྷག་གིས་ལི་པུ་ལི་ཡཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པའི་འདེམ་ཁུལ་སྟོང་གཉིས་དང་བརྒྱད་ཅུའི་འདེམ་ཤོག་འཕེན་ས་སྟོང་ལྔ་དང་བརྒྱད་བརྒྱ་དགུ་བཅུ་ནས་འདེམ་ཤོག་འཕེན་རྒྱུ་རེད། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་སྤེལ་བའི་ཉིན་རིམ་ལྟར་ན། འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ད་ལྟའི་ཙུང་ཐུང་ཝེ་ཨ་དང་སྔོན་ཆད་ཀྱི་ཙུང་ཐུང་པའོ་ཨ་ཁའེ་འདུས་པའི་ཙུང་ཐུང་འདེམ་སྒུག་མི་སྣ་ཉི་ཤུ་ཡིས་ཙུང་ཐུང་གི་ལས་གནས་ལ་འགྲན་རྩོད་བྱེད་རྒྱུ་ཡིན་པ་དང་། ལི་པུ་ལི་ཡཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་མངའ་སྡེ་བཅོ་ལྔའི་འདེམ་བསྐོའི་བྱ་བར་ལྟ་རྟོག་བྱེད་རྒྱུ་རེད།

ལི་པུ་ལི་ཡཱ་ནི་ཨ་ཧྥེ་རི་ཁ་ནུབ་མར་གནས་པ་དང་། ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཅིག་ཙམ་ཡོད་པ་དང་། མི་གྲངས་ས་ཡ་ལྔ་ཙམ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།