ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་ནི་ཨ་མེ་རི་ཁའི་དབུས་ཤར་སྲིད་ཇུས་ལ་ཕམ་ཉེས་བྱུང་བའི་རྟགས་མཚན་གསལ་བོ་ཞིག་རེད་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་དང་གྲོས་མོལ་བྱས་ཏེ། ཨུ་རུ་སི་དང་དབྱི་རག་གི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། གོང་གི་སྐད་ཆ་དེ་བཤད་པ་རེད།
སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གླེང་སྐབས་ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ནམ་རྒྱུན་དབུས་ཤར་གནད་དོན་གྱི་ཐག་གཅོད་ལ་སྒེར་སྡེམ་བྱེད་རྩིས་བྱས་ཏེ་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཇུས་གཞི་བཟང་བོ་ཞིག་འཚོལ་ཞིབ་བྱེད་པར་བསམ་བློ་གཏན་ནས་གཏོང་གིན་མེད་ལ། རང་ཉིད་ཀྱིས་ཡང་དག་པར་རློམ་པའི་འདོད་ཚུལ་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྣང་མེད་དུ་བསྐྱུར་ཡོད་ཟེར།
ཨུ་རུ་སི་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གླེང་སྐབས་ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ནུས་ཁུངས་མཉམ་ལས་ནི་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་གཙོ་བོ་ཡིན་ལ། དེའི་མཉམ་ལས་ལ་ཕན་འབྲས་ལྡན་པར་མ་ཟད་མདུན་ལྗོངས་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ནུས་ཁུངས་ཚོང་རའི་བརྟན་འཇགས་ཆེད་དུ་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་མཐུན་སྦྱོར་བྱས་པར་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཟེར།
སུའུ་ཏཱ་ནེ་ཡིས་ཨུ་རུ་སི་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་དབྱི་རག་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་བདེ་འཇགས། རིག་གནས། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཧ་ཅང་ཆེ་ཟེར། སུའུ་ཏཱ་ནེ་ཡིས་བཤད་རྒྱུར། དབྱི་རག་གིས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་ཞི་བདེའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཁྲུག་རྩོད་ལས་མི་ཆོས་རིང་ལུགས་ཀྱི་དཔལ་འབྱོར་ཐད་ལ་མཇུག་འབྲས་ངན་པ་བཟོ་བར་སྔོན་འགོག་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།