ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཚི་ནོའུ་ལེ་ཡིས་ཉེ་སྔོན་ཀྲུང་གོའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་ལས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་བཏང་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་ཡར་སྐུལ་བྱས་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།
ཚི་ནོའུ་ལེ་ཡིས་ཁུན་ནེ་ཡཱའི་མིན་ནེ་ལྕགས་ལམ་དཔེར་དྲངས་ནས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་འདོན་གྱི་སྒྲོམ་གཞིའི་འོག་འཛུགས་བྱས་པའི་རྨང་གཞིའི་སྒྲིག་ཆས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། དེའི་ཞོར་དུ་གྲོས་འདོན་དེ་ལས་ད་རུང་རྒྱལ་ཁབ་སོ་སོའི་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་པར་རོགས་འདེགས་ཀྱི་ནུས་པའང་ཐོན་ཡོད་ཟེར།
ཚི་ནོའུ་ལེ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་ཀྲུང་གོའི་བློ་སེམས་གཅིག་མཐུན་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འཛམ་གླིང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དང་སྤུས་ཚད་མཐོར་འདེགས་འབྱུང་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོ་དང་ཐ་ན་འཛམ་གླིང་ཧྲིལ་བོ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་འདོན་གྱིས་དེའི་ཁྲོད་གནད་འགག་གི་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།