ལི་པུ་ལི་ཡཱའི་ཙུང་ཐུང་ཝེ་ཨ་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ལི་པུ་ལི་ཡཱ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཝེ་ཨ་ཡིས་ཉིན་དེར་ལི་པུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡུན་ཁྲིན་ཝུའུ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ལི་པུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་ལི་པུ་ལི་ཡཱའི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དང་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཡུན་ཁྲིན་ཝུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ལི་པུ་ལི་ཡཱ་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལི་པུ་ལི་ཡཱའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་། བསྟུད་མར་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཀྲུང་གོ་དང་ལི་པུ་ལི་ཡཱའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཡུན་ཁྲིན་ཝུའུ་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ལི་པུ་ལི་ཡཱ་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།