ཀྲུང་གོ་སོགས་རྒྱལ་ཁབ་བཅོ་ལྔ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་བདམས།
2023.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་བའི་ཚེས་བཅུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། ལས་བྱེད་མི་སྣས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མིས་འདེམ་ཤོག་འཕངས་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་འདེམ་བསྐོ་བྱེད་པར་སྒུག་བཞིན་པ།

འདི་ནི་ཟླ་བཅུ་བའི་ཚེས་བཅུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འདེམ་བསྐོའི་ཡུལ་དངོས་རྣམ་པ་རེད།

སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བཅུ་ཉིན་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ་ཀྲུང་གོ་དང་བཅས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་བདམས་ཐོན་བྱུང་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་འགན་ཡུན་ལོངས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཚབ་བྱེད་རྒྱུ་རེད།

ཐེངས་འདིར་བདམས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ནི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་པུ་ལུང་ཏིས་དང་། ཁོ་ཐེ་ཏིས་ཝོར། ཀཱ་ནཱ། མཱ་ལཱ་ཝེ་བཅས་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ། འཇར་པན། ཁི་ཝེ་ཐི། ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་ཨར་པཱ་ནི་ཡཱ་དང་པུར་ཀཱ་རི་ཡཱ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་པཱ་ཞི་དང་ཁུ་པཱ། ཏའོ་སྨི་ནི་ཁཱ་སྤྱི་མཐུན་རྒྱལ་ཁབ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པའི་ཧྥ་རན་སི་དང་ཧི་ལན་བཅས་འདུས། དེའི་ནང་ཀྲུང་གོ་དང་ཁོ་ཐེ་ཏིས་ཝོར། ཁུ་པཱ། ཧྥ་རན་སི། མཱ་ལཱ་ཝེ་བཅས་ཀྱིས་བསྟུད་འགན་ཁུར་བ་རེད། གསར་དུ་བདམས་ཐོན་བྱུང་བའི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་འགན་ཡུན་ནི་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་གསུམ་རེད།

ད་ལོར་བསྡོམས་པས་འདེམ་སྒུག་རྒྱལ་ཁབ་བཅུ་བདུན་གྱིས་ལས་གནས་བཅོ་ལྔར་འགྲན་རྩོད་བྱས་པ་དང་། ཨུ་རུ་སི་དང་ཕེ་རུ་རྒྱལ་ཁབ་གཉིས་བདམས་མ་ཐུབ་པ་རེད།

དེ་ནི་ཀྲུང་གོས་ཐེངས་དྲུག་པར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགན་ཁུར་བ་ཡིན་ལ། འདེམ་ཐེངས་ཆེས་མང་བའི་རྒྱལ་ཁབ་ཀྱི་གྲས་རེད།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་མིང་མི་འགོད་པར་འདེམ་ཤོག་འཕངས་ནས་བདམས་ཐོན་བྱེད་པ་ཡིན་ལ། འདེམ་སྒུག་རྒྱལ་ཁབ་དག་ལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱེད་གྲངས་ཅན་གྱི་འདེམ་ཤོག་ཐོབ་ན་ད་གཟོད་བདམས་ཐོན་བྱེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།