ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ཆེད་མངག་ཚོགས་པའི་ཚོགས་གཙོ་ཡིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2023.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ཆེད་མངག་ཚོགས་པའི་ཚོགས་གཙོའམ་དམག་དཔུང་གི་བཀོད་འདོམ་དཔོན་པོ་ལཱ་སཱ་ལོ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

ལཱ་སཱ་ལོ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམིགས་ཡུལ་གཙོ་བོ་ནི་ལེ་པཱ་ནུན་དང་དབྱི་སི་རལ་བར་འགལ་བ་འབྱུང་བར་སྔོན་འགོག་བྱེད་པའི་ཐད་རོགས་རམ་བྱེད་རྒྱུ་དེ་ཡིན་ཟེར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་མི་སྣས་ལས་གནས་བརྟན་སྲུང་བྱེད་པ་དང་། ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་བར་མཉམ་ལས་མཐུན་སྦྱོར་བྱེད་པ་དང་སྐོར་གཡེང་ལ་ཤུགས་སྣོན་པ་སོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་དགོས། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ད་རུང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་དབང་འཛིན་ལས་ཁུངས་ཀྱི་འབྲེལ་འདྲིས་བྱ་བར་ཞུགས་ནས། ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ནོར་འཆུག་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད་ཟེར།

ལཱ་སཱ་ལོ་ཡིས་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་འགན་ཁུར་ས་ཁུལ་དུ་ཟང་ཟིང་གི་གནས་བབ་འབྱུང་བཞིན་ཡོད་ཀྱང་། ལེ་པཱ་ནུན་གྱི་དྲག་ཆས་ཕྱོགས་ཁག་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་གྱུར་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།