ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་ནི་རྒྱལ་སྤྱིའི་ལོ་ཆུང་བུ་མོའི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྤེལ་བའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ནས་ལོ་ཆུང་བུ་མོ་སློབ་གྲྭ་ཞུགས་པར་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་ལ། ཉིས་སྟོང་ཉེར་གཉིས་ལོ་དང་ཉིས་སྟོང་བཅོ་ལྔ་བསྡུར་ན། སློབ་གྲྭར་ཞུགས་པའི་ལོ་ཆུང་བུ་མོའི་ཁ་གྲངས་བྱེ་བ་ལྔ་ཙམ་ཇེ་མང་དུ་སོང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོ་དང་བསྡུར་ན། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་སློབ་ཆུང་རིམ་པའི་ལོ་ཆུང་བུ་མོ་སློབ་གྲྭར་ཞུགས་པའི་མི་གྲངས་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་ལྔ་ཇེ་མང་དུ་སོང་ཡོད་པ་དང་། སློབ་འབྲིང་དུ་ཞུགས་པའི་ལོ་ཆུང་བུ་མོའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དྲུག་ཇེ་མང་དུ་སོང་ཡོད་ལ། མཐོ་འབྲིང་དུ་ཞུགས་པའི་ལོ་ཆུང་བུ་མོའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་ཇེ་མང་དུ་སོང་ཡོད། ལོ་ཆུང་བུ་མོས་སློབ་ཆུང་སློབ་གསོ་ཡོངས་འགྲུབ་བྱས་ཚད་ཉིས་སྟོང་བཅོ་ལྔ་ལོའི་བརྒྱ་ཆའི་གྱ་དྲུག་ནས་ཉིས་སྟོང་ཉེར་གཉིས་ལོའི་བརྒྱ་ཆའི་གྱ་དགུར་འཕར་སྣོན་བྱུང་ཡོད་པ་དང་། སློབ་འབྲིང་སློབ་གསོ་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་དོན་བཞི་ནས་བརྒྱ་ཆའི་དོན་དགུར་འཕར་ཡོད་ལ། མཐོ་འབྲིང་སློབ་གསོ་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་ང་བཞི་ནས་བརྒྱ་ཆའི་རེ་གཅིག་ལ་འཕར་སྣོན་བྱུང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ད་རུང་ཕྱོགས་སོ་སོས་ལོ་ཆུང་བུ་དང་བུ་མོར་འདྲ་མཉམ་གྱི་སློབ་གསོ་མྱོང་བའི་ཁེ་དབང་ཐོབ་པར་འགན་སྲུང་བྱེད་པའི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱུ་མཚན་ནི་མིག་སྔར་འཛམ་གླིང་ཡོངས་སུ་སྔར་བཞིན་ལོ་ཆུང་བུ་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་སློབ་གྲྭ་ཞུགས་མེད་པའི་སྣང་ཚུལ་ཡོད་པས་རེད། ཁྱད་པར་དུ་སཱ་ཧཱ་ལཱ་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དུ། ས་དེའི་ལོ་ཆུང་བུ་མོའི་སློབ་ཞུགས་ཀྱི་གོ་སྐབས་སྔར་བཞིན་ཧ་ཅང་དམའ་བ་རེད།
སྔར་ལས་མང་བའི་ལོ་ཆུང་བུ་མོར་སློབ་གསོའི་གོ་སྐབས་ཐོབ་པར་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མཉམ་ལས་གྲོགས་པོས་མྱུར་མོར་གནད་འགག་ཁྱབ་ཁོངས་ནས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། དེའི་ནང་སྟོབས་ཤུགས་ཞན་པའི་ལོ་ཆུང་བུ་མོ་དག་ལ་ལོ་ངོ་བཅུ་གཉིས་རིང་གི་བདེ་འཇགས་དང་རིན་མེད། སྤུས་ལེགས་བཅས་ཀྱི་སློབ་གསོ་ཐོབ་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། ལོ་ཆུང་བུ་མོའི་སློབ་གསོ་དང་འབྲེལ་བའི་གཞི་གྲངས་འཚོལ་སྡུད་དང་དབྱེ་ཞིབ། བེད་སྤྱོད་བཅས་བྱེད་པར་ཤུགས་སྣོན་པ། སྔར་ལས་ལྷག་པའི་སྒོ་ནས་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་སློབ་གསོ་སྡེ་ཁག་གི་འཆར་གཞི་གཏན་འབེབས་བྱེད་པ། བུད་མེད་ཀྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།