ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་དམག་དཔུང་མངག་གཏོང་བྱེད་མི་རུང་བའི་ཉེན་བརྡ་བཏང་བ་དང་། དེ་ལས་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ས་ངོས་ཀྱི་བཙན་འཛུལ་གང་རུང་ལས་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པའི་ད་ལྟའི་ལས་འགན་གཙོ་བོ་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་རྒྱུ་དེ་ཡིན་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་འཛུལ་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པས་ཨེ་ཅིབ་བར་མཉམ་ལས་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་ཞིག་བཏོད་ནས་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།