ཅོར་ཏན་དང་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཇེ་སྡུག་ཏུ་སོང་ཡོད་པའི་ཉེན་བརྡ་བཏང་།
2023.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཅུ་གཉིས་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་པའི་ཉེན་བརྡ་བཏང་བར་མ་ཟད། ཅཱ་ཧྲས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཅིག་གྱུར་སྒོས་བལྟས་ན། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་བ་དང་འཁྲུག་རྩོད་དྲག་ཤུགས་རྒྱ་ཡན་དུ་སོང་བ་ལས་ས་ཁུལ་ཧྲིལ་བོར་ཡ་ང་བའི་མཇུག་འབྲས་འབྱུང་དུ་འཇུག་སྲིད་པར་འདོད།

ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་སྒོ་འབྱེད་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་མྱུར་མཁོའི་སྨན་བཅོས་དང་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་བར་མ་ཟད་ས་དེའི་ཆུ་གློག་གི་མཁོ་འདོན་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཕྱོགས་གཉིས་ཀྱིས་ད་རུང་ཨ་རབ་རྒྱལ་ཁབ་དག་གིས་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱས་ནས། མཉམ་དུ་འབད་བརྩོན་གྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཅོར་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་འགྱུར་མེད་ཀྱི་ལངས་ཕྱོགས་དང་། ཕཱ་ལེ་སི་ཐན་མི་རིགས་དབང་འཛིན་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས། ཁོས་བསྟན་དོན། ཅོར་ཏན་གྱིས་ནུས་ཤུགས་ཅི་ཡོད་ཀྱིས་ཕཱ་ལེ་སི་ཐན་མི་དམངས་དང་མཉམ་དུ་བརྩོན་རྒྱུ་མ་ཟད། ཅཱ་ཧྲ་ས་ཁུལ་དུ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཨ་པཱ་སི་ཡིས་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཕཱ་ལེ་སི་ཐན་མི་དམངས་དང་དེའི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་དབྱི་སི་རལ་གྱི་ཡེ་ལུའུ་སཱ་ལེམ་ཆོས་ལུགས་གནས་མཆོག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ། བཅའ་ཁྲིམས་ཀྱི་གོ་གནས་བཅས་ལ་ངེས་པར་བརྩི་འཇོག་བྱེད་དགོས་པ་དང་། ཅོར་ཏན་གྱི་ཆོས་ལུགས་གནས་མཆོག་གི་དོ་དམ་དབང་ཆར་བརྩི་འཇོག་བྱེད་དགོས་པ་བསྐྱར་སྒྲོག་བྱས།

གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་དབྱི་སི་རལ་གྱིས་མྱུར་མོར་ཕཱ་ལེ་སི་ཐན་མི་དམངས་ལ་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཅཱ་ཧྲ་ས་ཁུལ་དུ་སྨན་བཅོས་དང་མི་ཆོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཨ་པཱ་སི་ཡིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཕྱོགས་གཉིས་ཀྱིས་མི་སེར་དཀྱུས་མ་དམར་གསོད་དང་མནར་གཅོད་བྱེད་པའི་བྱེད་ཐབས་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན་པ་དང་། ཆབ་སྲིད་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པའི་བྱ་བ་མཇུག་སྒྲིལ་དུ་བཅུག་ནས་ཞི་བདེ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།