དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས།
2023.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བཅུ་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་སཱ་ལེ་མན་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས། དེ་ནི་དབྱི་ལིང་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་རྗེས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད།

དབྱི་ལིང་ཙུང་ཐུང་གཞུང་སྒྲུབ་ཁང་གི་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་སླར་གསོ་དང་དེར་བརྩི་འཇོག་བྱེད་པའི་དགོས་གལ་རང་བཞིན་མཉམ་དུ་ནན་བཤད་བྱས། ལའེ་ཞེ་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཉེ་ལམ་གྱི་གནས་བབ་ལ་བལྟས་ན། གལ་ཏེ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་ལ་དོ་སྣང་མ་བྱས་ན། ཇུས་གཞི་གང་ཡིན་ཡང་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཅི་ཡང་འབྱུང་མི་སྲིད་ཟེར། སཱ་ལེ་མན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལས་བདེ་འཇགས་མིན་པའི་གནས་བབ་ཇེ་སྡུག་ཏུ་སོང་ནས་འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་པར་རྒྱ་ཡན་དུ་འགྲོ་སྲིད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་གྱི་འབྲེལ་བར་གྲོས་བསྡུར་བྱས། ལའེ་ཞེ་ཡིས་བསྟན་དོན། དབྱི་ལིང་གིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་ལེགས་བཅོས་བྱས་ཏེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། དེ་ལྟར་བྱས་ན་ས་གནས་རང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པར་བསམ་ཡོད་ཟེར། སཱ་ལེ་མན་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་དང་དབྱི་ལིང་གིས་མཉམ་དུ་འབད་བརྩོན་བྱས་ནས་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མྱུར་དུ་མཇུག་སྒྲིལ་བའི་ཐད་ནུས་པ་འདོན་ཐུབ་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།