ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་ཇུས་ཉིང་རྡུལ་སྒྲིག་ཆས་བཀོད་སྒྲིག་བྱས་པ་དེ་དམག་དོན་གྱི་དཀྲུག་ཕེན་ཚབས་ཆེན་ཞིག་ཡིན་པའི་ཚུ་བསྟན།
2023.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་ལོ་ནཱ་ཏི་ལི་ཀིན་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚེས་བཅུ་གཉིས་ཉིན་ཧན་གོའི་ཧྥོ་ཧྲན་གྲུ་ཁར་ཡོང་ནས། ཉེ་ལམ་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་ཁྲའོ་ཞན་ལ་དམིགས་པའི་རྒྱ་མཚོའི་སྟེང་གི་བཀག་འགོག་དང་མཚོ་ཇག་ལ་རྒོལ་བའི་དམག་དོན་སྦྱོང་བརྡར་ལ་ཞུགས་པར་དམིགས་ཏེ། ཨ་མེ་རི་ཁས་རྒྱུན་ཆད་མེད་པར་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་ཇུས་སྒྲིག་ཆས་བཀོད་སྒྲིག་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ནི་ས་ཁུལ་གྱི་གནས་བབ་ལ་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པའི་དམག་དོན་དཀྲུག་འཕེན་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པར་འདོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་འཐབ་འཁྲུག་ཆེན་མོ་ཞིག་བརྒྱབ་ཆོག་ཆོག་ཡིན་པའི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་པ་ཁྲའོ་ཞན་ཕྱེད་གླིང་གི་མཚོ་ཁོངས་སུ་ཡོང་བ་དེ་ལས་ཨ་མེ་རི་ཁས་ཁྲའོ་ཞན་ལ་ཉིང་རྡུལ་དཔུང་འཇུག་བྱེད་པའི་གཡོ་ཇུས་ཡོད་པ་དང་། དེའི་ལག་བསྟར་གནས་ཚུལ་མ་ལག་ལྡན་པ་དང་ཚོད་དཔག་ཐུབ་པའི་ཆེས་ཚབས་ཆེ་བའི་དུས་རིམ་དུ་བསླེབས་ཡོད་པ་མཚོན་ཐུབ་ཟེར།

རྩོམ་ཡིག་ལས་ཁྲའོ་ཞན་གྱིས་ཁྱབ་བསྒྲགས་བྱས་པའི་ཉིང་རྡུལ་མཚོན་ཆའི་བེད་སྤྱོད་རྩ་དོན་ལྟར་ན། རྒྱལ་ཁབ་རང་ལ་ཉིང་རྡུལ་མཚོན་ཆའི་ཆམ་ཕབ་ཐེབས་པའི་སྐབས་སུ་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ཆོག་པ་ཡིན་པའི་ཉེན་བརྡ་བཏང་།

རྩོམ་ཡིག་ལས་བསྐྱར་སྒྲོག་བྱས་དོན། ཁྲའོ་ཞན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཨ་མེ་རི་ཁ་དང་དེའི་རྗེས་འདེད་མཁན་གྱི་སྟོབས་ཤུགས་ཀྱིས་ཕྱེད་གླིང་ས་ཁུལ་དུ་ཉིང་རྡུལ་འཐབ་འཁྲུག་སློང་རྩིས་ཡོད་པའི་ཐ་ཤལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།