ཅཱ་ཧྲ་ས་ཁུལ་དུ་མི་འབུམ་བཞི་དང་ཁྲི་གཉིས་སྟོང་གསུམ་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་བའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་ནས་མི་འབུམ་གཉིས་དང་ཁྲི་གཉིས་སྟོང་གསུམ་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་བར། ཅཱ་ཧྲ་ས་ཁུལ་དུ་ཡུལ་འཁྱམས་བྱེད་མཁན་མི་ཁྲི་བརྒྱད་དང་སྟོང་བཞི་བཞི་བརྒྱ་ཞེ་བཞི་ཇེ་མང་དུ་སོང་ནས། ཡུལ་འཁྱམས་མི་གྲངས་ཀྱི་སྤྱི་གྲངས་འབུམ་བཞི་དང་ཁྲི་གཉིས་སྟོང་གསུམ་སུམ་བརྒྱ་དོན་བརྒྱད་ལ་བསླེབས་ཡོད། དེའི་ནང་མི་འབུམ་གཉིས་དང་ཁྲི་བདུན་སྟོང་གཅིག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་ངེས་གཏན་བྱས་པའི་བྲེལ་མྱུར་ཉེན་ཡོལ་བྱེད་ས་བརྒྱ་དང་གཉིས་ན་བསྡད་ཡོད་པ་དང་། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་རེ་བཞི་ཟིན་ཡོད་ཟེར།

དེ་ལས་གཞན། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་སྒྲུབ་པའི་སློབ་གྲྭ་ཉེར་དགུ་ནས་ཀྱང་ཉེན་ཡོལ་མི་གྲངས་ཁྲི་གཉིས་དང་སྟོང་དྲུག་དགུ་བརྒྱ་གྱ་བཞི་ཇེ་མང་དུ་སོང་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བཅུ་གཉིས་ཉིན་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བཞི་བསྡུས་ཏེ། ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་ཐད་བཀོལ་ནས། ཆེས་དགོས་གལ་ཆེ་བའི་དགོས་མཁོ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ལས་ཁུངས་དེས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། མི་ཆོས་ར་རིང་ལུགས་ས་ཁུངས་ལ་ཕཱ་ལེ་སི་ཐན་གྱི་མིའི་རེ་བ་ཡོད་ཚད་བསྐང་བའི་ཐོན་ཁུངས་མེད་ཟེར།

དབྱི་སི་རལ་གྱིས་མིག་སྔར་ཧཱ་མཱ་སི་ཡིས་ཚོད་འཛིན་བྱེད་པའི་ཅཱ་ཧྲ་ས་ཁུལ་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ནས་ཆུ་གློག་མཁོ་འདོན་བྱེད་མཚམས་བཞག་ཡོད། བྱ་སྤྱོད་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐད་ཀྱི་སེམས་ཁུར་ཇེ་ཆེར་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།