དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་རྐང་དམག་དང་ཐན་ཁི་འཁོར་ལོའི་དམག་དཔུང་གི་རུ་ཁག་ཅིག་མངག་ནས། ཅཱ་ཧྲའི་ས་ཁུལ་བྱེ་བྲག་ཏུ་འགུལ་སྐྱོད་སྤེལ་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་ཐེངས་འདིའི་འགུལ་སྐྱོད་དེ་ཅཱ་ཧྲ་ས་ཁུལ་གྱི་ཕྱི་མཐའ་ནས་སྤེལ་བ་ཡིན་ལ། ས་ཁུལ་དེའི་ལྟེ་གནས་སུ་སོང་མེད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ས་ངོས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་མི་གཏའ་འཚོལ་བར་ཕན་པའི་བདེན་དཔང་སྔོག་བཤེར་དང་འཚོལ་སྡུད་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་མང་བོ་བསད་ཡོད་པར་མ་ཟད། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་གཏོང་འཕེན་ཆས་སོགས་འདུས་པའི་ཧཱ་མཱ་སིའི་དམག་དོན་སྒྲིག་ཆས་སྐོར་ཞིག་ལ་གཏོར་བཤིག་བཏང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་བཞིན་ཡོད་ཟེར།
ཧཱ་མཱ་སིའི་གནས་ཚུལ་ཤེས་མཁན་གྱིས་ཉིན་དེར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གི་སེམས་ཀྱི་གཡོ་ཐབས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།