ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ་ལེ་པཱ་ནུན་གྱི་མི་སེར་དཀྱུས་མ་གཉིས་བསད།
2023.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ལེ་པཱ་ནུན་གྱི་སྨྱན་བྱད་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་ནས་བསྟུད་མར་འཁྲུག་རྩོད་བྱས། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་སཱ་པཱ་ཨ་ཞིང་ལས་ར་བར་མེ་ཤུགས་འཕུར་མདའ་དང་སྒྱོགས་མདེལ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་མཐའ་མཚམས་ཀྱི་སྡེ་བ་ཞིག་ལ་སྒྱོགས་མདེལ་བཀོལ་ནས་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་རྒན་རྒོན་གཉིས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

གཞན་ཡང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། རྩ་འཛུགས་དེའི་ཁོངས་མི་ཞིག་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དེ་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་གཟའ་འཁོར་གཅིག་གི་ནང་སཱ་པཱ་ཨ་ཞིང་ལས་ར་བ་ནས་ཡང་བསྐྱར་འགུལ་སྐྱོད་སྤེལ་བ་རེད། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། རང་གི་དམག་དོན་རྩ་འཛུགས་ཀྱིས་སཱ་པཱ་ཨ་ཞིང་ལས་ར་བར་མེ་ཤུགས་འཕུར་མདའ་དང་སྒྱོགས་མདེལ་གཏོང་འཕེན་བྱས་ནས། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་པཱ་ལེ་སི་ཐན་མི་དམངས་ལ་རོགས་འདེགས་བྱས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།