ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་བཏོན་ནས་ལོ་ངོ་བཅུའི་ནང་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཅིར་ཅི་སི་སི་ཐན་དུ་དངོས་གཞིའི་འཚམས་འདྲི་མཇུག་སྒྲིལ་བ་དང་། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་རྗེས་སྨྱན་བྱད་ཀྱིས་བཏོན་པའི་དྲི་བར་ལན་འདེབས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གྲོགས་པོའི་འབྲེལ་བ་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་མཐུན་ཚོགས་པ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཅས་སྦྲེལ་མཐུད་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བཞིན་ཡོད་ཅིང་། ད་ལོའི་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་ལས་བརྒལ་ཡོད་པ་དང་། དངུལ་ལོར་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་་འཕེལ་རྒྱས་ཁ་ཕྱོགས་གཙོ་བོ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་གི་དངུལ་ལོར་གྱི་རྩིས་སྤྲོད་བྱ་བ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན། དེ་ལས་གཞན་རྒྱལ་ཁབ་གཉིས་ལ་མཐོ་གསར་ཚན་རྩལ་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།