མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་ལྷོ་ཕྱོགས་སུ་གནས་སྤོར་དགོས་པའི་རེ་བ་བཏོན་པར་ཉེན་ཁ་ཆེན་པོ་ཡོད་པའི་ཚུལ་བསྟན།
2023.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགོད་པའི་དྲི་བར་ལན་བཏབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཉེན་བརྡ་བཏང་སྟེ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་ལྷོ་ཕྱོགས་ས་ཁུལ་དུ་གནས་སྤོར་དགོས་པའི་རེ་བ་བཏོན་ཡོད་ལ། ཆོད་དོན་དེར་ཉེན་ཁ་ཆེན་པོ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་འབྲེལ་བའི་གསང་བའི་གྲོས་མོལ་ལ་མ་ཞུགས་གོང་བཤད་རྒྱུར། སྡོད་དམངས་ས་ཡ་གཅིག་ལྷག་མི་གྲངས་མང་ཞིང་དཀའ་སྡུག་ཆེ་བའི་འཐབ་འཁྲུག་ས་ཁུལ་ནས་ཟས་རིགས་དང་འཐུང་ཆུ། སྡོད་ཁང་བཅས་མེད་པའི་ས་ཁུལ་ཞིག་ཏུ་གནས་སྤོར་བྱེད་དུ་འཇུག་པ་ནི་ཉེན་ཁ་ཧ་ཅང་ཆེ་བའི་དོན་ཞིག་ཡིན་ལ། གནས་ཚུལ་རེ་འགའི་འོག་ཏུ་ཐ་ན་མི་སྲིད་པ་ཞིག་ཀྱང་རེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་སྨན་ཁང་དག་གི་ནད་བརྟག་ནུས་པར་ཚད་ཡོད་པ་དང་། བྱང་ཕྱོགས་ས་ཁུལ་གྱི་རྨས་མ་དག་དང་ལེན་བྱེད་པའི་ནུས་པ་མེད། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་དེ་ཉམས་ཉེན་གྱི་མཐའ་རུ་གནས་ཡོད་ཅིང་། སྨན་བཅོས་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པ་དང་སྨན་བཅོས་མི་སྣ་དམར་གསོད་བྱས་པར་མ་ཟད། གློག་བཅད་པ་དང་འཐུང་ཆུང་དཀོན་པའི་ཉམས་ཉེན་ཀྱང་བྱུང་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱ་བ་མྱུར་དུ་སླར་གསོ་བྱས་ཏེ། ཅཱ་ཧྲའི་སྡོད་དམངས་ལ་འབར་རྫས་དང་ཟས་རིགས། འཐུང་ཆུ་བཅས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་དང་། མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མྱུར་མོར་མི་གཏའ་ཚང་མ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།