ཅཱ་ཧྲ་ས་ཁུལ་གྱི་ཤི་རྨས་ཐེབས་པའི་མི་གྲངས་ཁྲི་ལས་བརྒལ་བ་དང་ཕྱོགས་སོ་སོས་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་དགོས་པའི་འབོད་སྐུལ་བཏང་།
2023.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་ཚེས་བཅུ་བཞི་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར། ཅཱ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གཉིས་དང་ཉིས་བརྒྱ་བཅོ་ལྔར་བསླེབས་པ་དང་། རྨས་ཕོག་པའི་མི་གྲངས་སྟོང་བརྒྱད་དང་བདུན་བརྒྱ་བཅུ་བཞིར་བསླེབས་ཡོད། ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ང་བཞི་ཡིན་པ་དང་། མི་སྟོང་གཅིག་དང་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་མུ་མཐུད་དུ་འཇབ་རྒོལ་འགུལ་སྐྱོད་སྤེལ་ནས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་ཞིག་བསད་ཡོད་ཟེར། ཉིན་དེའི་ཕྱི་དྲོར་དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་ཕྱོགས་ཀྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་དབྱི་སི་རལ་གྱི་དམག་དོན་རྟེན་གཞིར་སྒྱོགས་མདེལ་མང་བོ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་སྒྱོགས་མདེལ་གཏོང་འཕེན་བྱེད་སར་རྒོལ་ལན་སྤྲོད་བཞིན་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་གསུམ་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་བཙན་འཛུལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཆབ་སྲིད་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་བྱེད་མཚམས་བཞག་སྟེ་ཞི་བདེ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན། ཁོས་ད་རུང་བསྟན་དོན། དབྱི་སི་རལ་གྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་དུ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་ནས། མི་སེར་དཀྱུས་མར་སྨན་བཅོས་མཁོ་དངོས་དང་འཐུང་ཆུ། གློག འབར་རྫས་བཅས་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་དགོས་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཀྲང་ཁའེ་ལཱ་ཡིས་ཚེས་བཅུ་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་བར་མཐུན་སྦྱོར་བྱས་ཏེ། ཚེས་བཅོ་ལྔ་ཉིན་ཅཱ་ཧྲ་ས་ཁུལ་དུ་སྨན་བཅོས་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ལ། མིག་སྔར་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པ་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ལ་སྨན་བཅོས་རོགས་སྐྱོར་དང་དངོས་རྫས་འདོན་སྤྲོད་བྱེད་པར་གཅིག་གྱུར་འཐད་པ་བྱུང་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཚེས་བཅུ་བཞི་ཉིན་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཕྱི་རྒྱལ་གྱི་སྤྱི་དམངས་བརྒྱ་ཕྲག་འགའ་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་སུ་ཡོད་པའི་ལཱ་ཧྥ་རྒྱུ་ལམ་དུ་སོང་ནས། ཅཱ་ཧྲ་ས་ཁུལ་དང་འབྲལ་རྩིས་བྱས། གཞན་ཡང་འབྲེལ་ཡོད་གནས་ཚུལ་ཤེས་མཁན་གྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཕྱོགས་སོ་སོའི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་བའི་གནད་དོན་ལ་གྲོས་འཆམ་མ་བྱུང་ན། ཨེ་ཅིབ་ཕྱོགས་ཀྱིས་ཕྱི་རྒྱལ་བ་དག་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་འགྲོ་བར་ཆོག་མཆན་བཀོད་མེད་ཟེར། མིག་སྔར་ཕྱི་རྒྱལ་གྱི་སྤྱི་དམངས་དག་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་སོགས་སུ་སོང་ནས་མཛུབ་སྟོན་ལ་སྒུག་ཡོད་པ་རེད།

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་དགོས་པའི་སྐུལ་མ་བཏང་བར་མ་ཟད། རྒྱལ་སྤྱིའི་འབད་བརྩོན་ལ་ཤུགས་སྣོན་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། འཁྲུག་རྩོད་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་མཆེད་པར་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན། ཁོས་བསྐྱར་སྒྲོག་བྱས་དོན། དགོས་ངེས་ཀྱི་ཆབ་སྲིད་ཆ་རྐྱེན་གསར་བསྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པའི་མདུན་ལྗོངས་བཟང་བོ་ཡོད་ཟེར།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་གསུམ་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། པཱ་ཧྲ་ཨར་གྱིས་བསྟན་དོན། སི་རི་ཡཱ་ཡིས་ཕཱ་ལེ་སི་ཐན་མི་དམངས་དང་དེས་དབྱི་སི་རལ་གྱི་བཙན་བཟུང་ལ་ངོ་རྒོལ་བྱེད་པ་དང་། ལོ་ངོ་བདུན་བཅུ་ལྷག་རིང་བཙན་འཕྲོག་བྱས་པའི་ཁེ་དབང་བརྩོན་ལེན་བྱེད་པའི་ཁྲིམས་མཐུན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ཡིས་ཚེས་བཅུ་གསུམ་ཉིན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སི་རི་ཡཱ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ས་ཁོངས་བཅིངས་འགྲོལ་ཐོབ་པ་དང་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་རགས་བར་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་མཁོ་གལ་ཆེ་བ་དང་། དབྱི་སི་རལ་གྱིས་ལག་བསྟར་བྱེད་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་ཟེར།

པུའུ་ལིན་ཁུན་གྱིས་ཚེས་བཅུ་གསུམ་ཉིན་ཁཱ་ཐར་དུ་འཚམས་འདྲི་བྱས་ཏེ། ཁཱ་ཐར་གྱི་དཔོན་རིགས་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། པུའུ་ལིན་ཁུན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་བལྟས་ན་དབྱི་སི་རལ་གྱིས་རྒྱལ་ཁབ་རང་གི་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་པར་བསམ་ཡོད་ཀྱང་དེའི་ཞོར་དུ་དབྱི་སི་རལ་ཕྱོགས་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་སྐབས་སྔོན་འགོག་བྱེད་ཐབས་གང་རུང་སྤྱད་དེ་མི་སེར་དཀྱུས་མར་གནོད་པ་བཟོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་ཚེས་བཅུ་གསུམ་ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། མུ་མཐུད་དུ་དབྱི་སི་རལ་ཕྱོགས་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། ཨོ་སི་ཏེན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་སི་རལ་གྱི་རོགས་སྐྱོར་བྱ་བ་མུ་མཐུད་དུ་སྤེལ་ནས། དབྱི་སི་རལ་རང་སྟེང་ལ་མཁོ་བའི་ཡོད་ཚད་ལ་འགན་སྲུང་ཐོབ་ཏུ་འཇུག་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།