ཨེ་ཅིབ་ཀྱིས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་མཐོ་རིམ་གྲོས་ཚོགས་སྤེལ་འདོད་ཡོད་པའི་ཚུལ་བསྟན།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨེ་ཅིབ་ཀྱིས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་མཐོ་རིམ་གྲོས་ཚོགས་སྤེལ་ཏེ་ཕཱ་ལེ་སི་ཐན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་ཉིན་དེར་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་མཇུག་སྒྲིལ་རྗེས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལས་གཞན། ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་གཞན་པ་མེད་ཟེར། ཨེ་ཅིབ་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲའི་མི་དམངས་བཙན་གྱིས་ཡུལ་འཁྱམས་བྱེད་དུ་འཇུག་པའི་སྲིད་ཇུས་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཏོར་བརླག་གཏོང་བའི་རིན་དོད་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

སེ་ཞི་ཡིས་ནན་གྱིས་བསྟན་དོན། ཨེ་ཅིབ་ཀྱིས་ནུས་པ་གང་ཡོད་བཏོན་ནས་གནས་བབ་གཏན་འཇགས་ཡོང་བ་དང་ངེས་པ་དོན་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པའི་བྱ་བ་བསྒྲུབ་རྩིས་ཡོད་པ་དང་། ཨེ་ཅིབ་ཀྱིས་མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོགས་པོའི་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ལ། དམིགས་ཡུལ་ནི་འཁྲུག་རྩོད་ཞི་འཇགས་སུ་བཏང་ནས། མི་སེར་དཀྱུས་མར་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུའི་ཆེད་ཡིན་ཟེར།

གསལ་སྒྲོག་ལས་བསྟན་དོན། མིག་སྔར་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་དཀའ་ཁག་ལ་འཕྲད་ཡོད་ཀྱང་། ཨེ་ཅིབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་རོགས་སྐྱོར་རྩ་འཛུགས་བར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བྱས་ནས་དགོས་ངེས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨེ་ཅིབ་ཀྱི་ཞི་ནཱ་ཕྱེད་གླིང་བྱང་ངོས་ཀྱི་ཨ་ལི་ཧྲི་གནམ་གྲུ་ཐང་གི་ཉེ་འདབས་སུ་དབུས་ཤར་གྱི་རྒྱལ་ཁབ་མང་བོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་དུ་བྱིན་པའི་དངོས་རྫས་དང་ལེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།