པེད་ཏིན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མགོ་ཁྲིད་པར་ཁ་པར་བཏང་།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཁ་པར་གྲོས་མོལ་བྱས། ཨ་པཱ་སི་ཡིས་བཤད་རྒྱུར། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། མིག་སྔའི་གནས་བབ་ལ་གཞིགས་ནས་ངེས་པར་དུ་འཇབ་རྒོལ་ཡོད་ཚད་མཚམས་འཇོག་དགོས་ལ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་ཟེར།

ཨ་པཱ་སི་ཡིས་ད་རུང་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་རྒྱུ་ལམ་བཏོད་དེ། སྨན་བཅོས་མཁོ་དངོས་དང་གློག ཆུ། འབར་རྫས་སོགས་འདོན་སྤྲོད་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། ཁོས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་བཙན་ཤེད་ཀྱིས་ལྷོ་ཕྱོགས་སུ་སྤོར་དུ་འཇུག་པ་དང་ལེན་མི་བྱེད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་བསྒྲགས་པ་ལྟར་ན། པེད་ཏིན་གྱིས་ཚེས་བཅུ་བཞི་ཉིན་ཨ་པཱ་སི་ལ་ཁ་པར་གཏོང་སྐབས། ཕྱོགས་གཉིས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་སྲུང་འཛིན་བྱེད་པའི་ཐད་ནས་གྲོས་བསྡུར་བྱས།

ཉིན་དེའི་སྔ་དྲོར། པེད་ཏིན་གྱིས་ད་རུང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་ནས། ཨ་མེ་རི་ཁས་དབྱི་སི་རལ་ལ་དམག་དོན་རོགས་སྐྱོར་བྱེད་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཁོས་བཀའ་རྒྱ་བཏང་ནས་ཨེ་སིན་ཧའོ་ཝེ་ཨར་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ས་དཀྱིལ་མཚོ་ཁོངས་ཤར་མར་བཀོད་སྒྲིག་བྱས་ནས། ས་ཁུལ་དེའི་དབྱི་སི་རལ་ལ་དམིགས་པའི་འགུལ་སྐྱོད་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར། དེ་ནི་ཧྥུའུ་ཐི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་རྗེས་སུ། ཨ་མེ་རི་ཁའི་དམག་དཔུང་གིས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐབ་འཁྲུག་བྱུང་བའི་ཚུན་ལ། ས་ཁུལ་དེར་མངག་གཏོང་བྱས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་གཉིས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།