ཧཱ་མཱ་སིའི་མགོ་ཁྲིད་པ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཏའོ་ཧཱ་ནས་གྲོས་མོལ་བྱས།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཉིན་དེར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ལ་གྲོས་བསྡུར་བྱས་ཟེར།

ཧཱ་མཱ་སི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པ་དེ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་པར་བཤད་པ་དང་། བྱ་སྤྱོད་དེ་ལས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཁྲིམས་འགལ་གྱིས་བདག་བཟུང་བྱེད་པར་ཕམ་ཉེས་གཏོང་ཐུབ་པའི་ཚུལ་བསྟན་ལ། ཕྱོགས་གཉིས་ཀྱིས་ཧཱ་མཱ་སིའི་དམིགས་འབེན་ཐད་ནས་མུ་མཐུད་དུ་མཉམ་ལས་བྱེད་པར་ཡིད་འཐད་བྱུང་།

ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཐེངས་འདིའི་གྲོས་མོལ་གྱི་གནས་ཚུལ་བསྒྲགས་པ་དང་། དབྱི་ལིང་དཔོན་ཕྱོགས་ཀྱིས་གནས་སྐབས་སུ་འབྲེལ་ཡོད་གནས་ཚུལ་བསྒྲགས་མེད།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ཏིན་ཐཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་ཧཱ་མཱ་སིའི་དམག་དོན་མགོ་ཁྲིད་པ་ཨ་ལུའུ་ལི་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་མགོ་ཁྲིད་པ་ནཱ་ཧཱ་ལེ་ཧི་གཉིས་དང་གྲོས་མོལ་བྱས་ཟེར། 

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ཚེས་བཅུ་གཉིས་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་ལམ་དུ་ཆས་པ་དང་། སྔ་གཞུག་ཏུ་དབྱི་རག་དང་སི་རི་ཡཱ། ལེ་པཱ་ནུན་བཅས་ལ་འཚམས་འདྲི་བྱས་པ་རེད།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་གསུམ་ཉིན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ལ་ཐུག་འཕྲད་བྱས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འཐབ་འཁྲུག་འབྱུང་སྲིད་པའི་སྣང་ཚུལ་ཚང་མར་བསམ་བློ་བཏང་ཡོད་པ་དང་། གལ་ཏེ་རྩ་འཛུགས་དེ་འཐབ་འཁྲུག་ནང་ཞུགས་ན། དབྱི་སི་རལ་གྱིས་དཀའ་སྡུག་ཆེན་པོ་ཉམས་སུ་མྱོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཚེས་བཅུ་བཞི་ཉིན་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། གལ་ཏེ་དབྱི་སི་རལ་གྱིས་འཐབ་འཁྲུག་མཚམས་མ་བཞག་པར་གནས་བབ་ཚོད་འཛིན་བྱེད་ཐབས་བྲལ་ན། མཇུག་འབྲས་ཡ་ང་བ་འབྱུང་སྲིད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་རྩིས་བྱེད་པའི་དྲག་ཆས་ཚན་ཆུང་ཞིག་ཚར་གཅོད་བྱས་ཡོད་ཟེར།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཡང་དང་བསྐྱར་དུ་དབྱི་ལིང་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ཐེངས་འདིའི་འཁྲུག་རྩོད་ལ་ཞུགས་མི་རུང་བའི་ཉེན་བརྡ་བཏང་ཡོད།

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཧཱ་ནེ་ཀི་པུས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཕྱོགས་གཉིས་ནས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་། གལ་ཏེ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་འཐབ་འཁྲུག་ལ་ཞུགས་ན། ལེ་པཱ་ནུན་རྒྱལ་ཁབ་ཧྲིལ་བོ་རྨེག་མེད་དུ་གཏོང་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་དཔོན་ཕྱོགས་དྲ་ཚིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཚོ་སྐམ་མཁའ་གསུམ་ནས་ཅཱ་ཧྲ་ས་ཁུལ་ལ་ཕྱོགས་ཡོངས་ནས་འགུལ་སྐྱོད་སྤེལ་རྩིས་ཡོད་ཟེར་ཡང་། གསལ་སྒྲོག་ལས་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།