ཁོང་གོ་ཅིན་དུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོང་གོ་ཅིན་གྱི་ས་གནས་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁྲུ་ཏའོ་ཞིང་ཆེན་དུ་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་རེ་གཅིག་གར་སོང་རྙེད་མེད་ཟེར།

ཁྲུ་ཏའོ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཨིན་ཀན་ཆི་ཡིས་སྨྱན་བྱད་ལ་བསྟན་དོན། ཚེས་བཅུ་གསུམ་ཉིན་གྱི་དགོང་མོར། ཐེག་ཚད་ལས་བརྒལ་བའི་གྲུ་གཟིངས་ཤིག་ཁྲུ་ཏའོ་ཞིང་ཆེན་མངའ་ཁོངས་ཀྱི་ཁོང་གོ་ཆུ་ཁོངས་ནས་ཆུའི་ནང་ནུབ། མིག་སྔར་རྒུད་སྐྱོབ་མི་སྣས་བེམ་པོ་ཉེར་བརྒྱད་རྙེད་ཡོད་པ་དང་། མི་ཉིས་བརྒྱ་དང་རེ་གཅིག་གར་སོང་རྙེད་མེད་པའི་སྙན་ཞུ་བསྒྲགས་ཡོད། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་འདྲི་བརྩད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།