ཨེ་ཀྭ་ཏོར་གྱིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཀྭ་ཏོར་གྱིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། འདེམ་དམངས་དག་གིས་གཡོན་ཕྱོགས་སྤྱི་དམངས་གསར་བརྗེའི་ཙུང་ཐུང་གི་འདེམ་སྒུག་པ་ཀང་སཱ་ལོས་སི་དང་གཡས་ཕྱོགས་རྒྱལ་ཡོངས་དམངས་གཙོ་འགུལ་སྐྱོད་མནའ་འབྲེལ་གྱི་ཙུང་ཐུང་འདེམ་སྒུག་མི་སྣ་ནོའུ་བོ་ཡཱ་གཉིས་ལས་སྐབས་གསར་བའི་ཙུང་ཐུང་གདམ་དགོས་པ་རེད།

ས་དེའི་ཚེས་བདུན་ཉིན་གྱི་སྔ་དྲོར། འདེམ་ཤོག་འཕེན་པའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་། འདེམ་དམངས་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བཞི་འདེམ་ཤོག་འཕེན་སར་སོང་ནས་འདེམ་ཤོག་འཕེན་དུ་བཅུག

དེའི་སྔོན་ཨེ་ཀྭ་ཏོར་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ནང་གི་ཁྲིམས་ཐག་བཅད་མེད་པའི་བཀག་འཇུག་མི་སྣ་དང་ཕྱི་རྒྱལ་དུ་ཡོད་པའི་འདེམ་དམངས་དག་གིས་འདེམ་ཤོག་འཕངས་པ་རེད།

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྤེལ་བའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ཙུང་ཐུང་གི་འདེམ་སྒུག་མི་སྣ་བརྒྱད་པོ་འདེམ་བསྐོའི་རེ་བར་བསླེབས་མེད་པས། ཀང་སཱ་ལོས་སི་དང་ནོའུ་བོ་ཡཱ་གཉིས་ལ་འདེམ་ཤོག་ཐོབ་ཚད་ཆེས་མང་བ་དང་། སྐོར་ཐེངས་གཉིས་པའི་འདེམ་བསྐོ་ལ་ཞུགས་པ་རེད། ཨེ་ཀྭ་ཏོར་གྱི་རྩ་ཁྲིམས་ལྟར་ན། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མང་མཁན་དེ་ཐད་ཀར་དུ་ཙུང་ཐུང་ལ་གདམ་དགོས་པ་རེད།

འདེམ་ཤོག་འཕེན་པའི་བྱ་འགུལ་དྲང་བདེན་དང་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། ཨེ་ཀྭ་ཏོར་རྒྱལ་ནང་དང་རྒྱལ་སྤྱིའི་ལྟ་ཞིབ་པ་སྟོང་གཉིས་དང་ལྔ་བརྒྱ་ལྷག་གིས་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱས་ཡོད་པ་དང་། ཨེ་ཀྭ་ཏོར་སྲིད་གཞུང་གིས་དམག་མི་དང་ཉེན་རྟོག་པ་འབུམ་གཅིག་ཙམ་བཀོད་སྒྲིག་བྱས་ནས་སྒྲིག་ལམ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དུ་བཅུག་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།