སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕྱོགས་གཉིས་ཀྱི་མི་སྟོང་བཞི་དང་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་མིག་སྔར་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་སྟོང་གཉིས་དང་བརྒྱད་བརྒྱ་དང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་དགུ་བརྒྱ་ལྔ་བཅུར་རྨས་ཕོག་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དུ་ཉུང་མཐར་ཡང་མི་སྟོང་གཅིག་དང་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་དགུ་བརྒྱ་རེ་བརྒྱད་ལ་རྨས་ཕོག་ཡོད་ཟེར།

ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་བར། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་དང་ཤར་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བཀོད་འདོམ་ལྟེ་གནས་སོགས་དམག་དོན་དམིགས་འབེན་བཅུ་ཕྲག་ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར། དབྱི་སི་རལ་གྱི་མཁའ་དམག་གིས་དུས་རིམ་རྗེས་མའི་ལས་འགན་གཙོ་བོ་ནི་གང་ནུས་ཀྱིས་སྐམ་ས་དང་བར་སྣང་གི་འཇིགས་ཉེན་མེད་པར་བཏང་སྟེ། ས་ངོས་དམག་དཔུང་དག་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།

ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བཤད་རྒྱུར། ཉིན་དེར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་སོགས་ས་ཁུལ་མང་བོར་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཡོད་ཟེར། ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་ཁོངས་སུ་ཏོགས་པའི་དྲག་ཆས་ཕྱོགས་ཁག་འཐབ་མཆོག་སྟོང་ཤོག་གིས་བཤད་རྒྱུར། དབྱི་སི་རལ་གྱི་ས་ངོས་དམག་དོན་འགུལ་སྐྱོད་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ཚང་མའི་འབར་རྫས་ཀྱི་གསོག་འཇོག་དེ་དུས་ཚོད་ཉེར་བཞིའི་ནང་འཛད་སྲིད་པ་དང་། གློག་ཆད་ནས་ནད་པ་སྟོང་ཕྲག་མང་བོ་ཉེན་ཁའི་གནས་སུ་ལྷུང་སྲིད་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་བཅུ་དྲུག་ཉིན་ཅཱ་ཧྲ་ས་ཁུལ་དུ་བདེ་འཇགས་རྒྱུ་ལམ་བཏོད་ནས། རྨས་མ་ཕྱིར་འཐེན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དོན་སྤྲོད་བྱེད་པའི་ཐད་བཀོལ་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།