ཨ་པཱ་སི་ཡིས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་བཀག་འགོག་བྱས་ནས་ཅཱ་ཧྲ་ས་ཁུལ་གྱི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་དགོས་པའི་སྐུལ་མ་བཏང་།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅོ་ལྔ་ཉིན་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་དགོས་པའི་རེ་བ་བཏོན།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཚེས་བཅོ་ལྔ་ཉིན་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་དང་། རྩ་འཛུགས་དེ་མ་གཏོགས་པའི་རྩ་འཛུགས་གཞན་པ་གང་རུང་གི་སྲིད་ཇུས་དང་ལས་གཞི། ཆོད་དོན་བཅས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་གྱི་ཚབ་བྱེད་ཐབས་མེད་ཟེར།

བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཕན་ཚུན་གྱི་མི་སེར་དཀྱུས་མར་གནོད་པ་གཏོང་བར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་ལྡན་པའི་ཆོད་དོན་དང་། བཀོད་པའི་གྲོས་མཐུན། ཞི་བདེ་འགོག་རྒོལ། ཆབ་སྲིད་འགུལ་སྐྱོད་བཅས་ལ་བརྟེན་ནས་དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་ཏེ་རྒྱལ་ཁབ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་བརྡ་ཐོ་བཏང་སྟེ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་མང་ཚོགས་དག་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེའི་ཧཱ་མས་སི་དང་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་གཞན་པར་གཞི་རྒྱ་ཆེ་བའི་ཕར་རྒོལ་བྱེད་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་རྣམ་འགྱུར་མི་འདྲ་བ་བསྟན་ཡོད་ཀྱང་། ཡོངས་ཁྱབ་ཏུ་ཚང་མས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་འབྱུང་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།

བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་མཱ་ཏུའུ་ལོ་དང་ཁ་པར་གྲོས་མོལ་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་པ་དང་། ཁོ་ཚོར་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་པར་ཆོག་མཆན་བཀོད་ནས། ས་དེའི་མི་རྣམས་ལ་སྨན་བཅོས་མཁོ་དངོས་དང་འཐུང་ཆུ། གློག་ཤུགས། འབར་རྫས་བཅས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པ་ལྟར་ན། མཱ་ཏུའུ་ལོ་ཡིས་ཝེ་ནེ་ཙུའེ་ལཱ་ཡིས་ཕཱ་ལེ་སི་ཐན་གྱི་ལས་དོན་དང་དབང་ཤུགས་ལས་ཁུངས་ལ་ཆ་རྐྱེན་མེད་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། མ་འོངས་པའི་ཉིན་འགའི་ནང་ཕཱ་ལེ་སི་ཐན་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཏུན་སུམ་ཅུ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།