མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་འབོད་སྐུལ་བཏང་།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་ལ་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་རྗེས་དུད་ནག་འཕྱུར་བཞིན་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཙན་ཁྲིད་བྱས་པའི་མི་གཏའ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དང་རྒུད་སྐྱོབ་མི་སྣ་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་འབོད་སྐུལ་དེ་གཉིས་བཏང་བའི་དམིགས་ཡུལ་ནི་ལུགས་དང་མཐུན་པ་ཡིན་ཞིང་། གྲོལ་མོལ་གྱི་ཆ་རྐྱེན་དུ་བྱེད་མི་རུང་། ཅཱ་ཧྲ་ས་ཁུལ་གྱི་འཐུང་ཆུ་དང་གློག་ཤུགས། དེ་མིན་ཉེར་མཁོའི་དངོས་རྫས་གཞན་པ་འཛད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཅིབ་དང་ཅོར་ཏན། དབྱི་སི་རལ། ཅོར་ཏན་གཙང་བོའི་ནུབ་འགྲམ་བཅས་སུ་ཟས་རིགས་དང་འཐུང་ཆུ། སྨན་རྫས། འབར་རྫས་སོགས་གཅིག་བསྡུས་ཀྱིས་གསོག་ཡོད་པ་དང་། དངོས་རྫས་དེ་དག་དུས་ཚོད་འགའི་ནང་སྐྱེལ་འདྲེན་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣས་བདེ་འཇགས་བཀག་མེད་ཀྱིས་དངོས་རྫས་དེ་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དུ་འཇུག་དགོས་ཟེར།

དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཁཱ་ཚི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་ལྟར། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ཆུ་མཁོ་འདོན་བྱས་ཀྱང་། བཤད་ཚུལ་དེ་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཁས་ལེན་གཏན་ནས་བྱས་མེད་ཟེར། ཕཱ་ལེ་སི་ཐན་གྱི་ཆུ་དོན་ཅུའུ་ཡི་མགོ་བ་ཀི་ནེ་མུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་བཤད་ཚུལ་དེ་བདེན་པ་མིན་ཟེར། དབྱི་སི་རལ་གྱིས་ཆུ་འདོན་སླར་གསོ་བྱས་ཀྱང་། ཅཱ་ཧྲ་ས་ཁུལ་དུ་གློག་མེད་པའི་གནས་ཚུལ་འོག ཆུ་དོན་ཅུའུ་ཡིས་ས་ཁུལ་དེར་ཆུ་འདོན་པར་དཀའ་ཁག་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་བཅོ་ལྔ་ཉིན་ཨེ་ཅིབ་ཏུ་འཚམས་འདྲི་བྱས་ཏེ་སེ་ཞི་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། པུའུ་ལིན་ཁུན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཅིབ་དང་ཅཱ་ཧྲ་ས་ཁུལ་གཅིག་ཏུ་སྦྲེལ་བའི་ལཱ་ཧྥ་རྒྱུ་ལམ་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅིབ། དབྱི་སི་རལ་སོགས་ཀྱི་བར་གྲོས་མོལ་བྱས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྐྱེལ་འདྲེན་རྐྱེན་སྲོལ་འཛུགས་པར་བརྩོན་བཞིན་ཡོད་ཟེར། པུའུ་ལིན་ཁུན་གྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཨེ་ཅིབ་ཀྱིས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་རྒྱལ་སྤྱིའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་བྱེད་པའི་འདོད་ཚུལ་ལ་དགའ་བསུ་ཞུས།

ཐུ་ནི་ཞི་ཡཱའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ཐུ་ནི་ཞི་ཡཱའི་དམག་དོན་གནམ་གྲུ་ཉིན་དེར་ཨེ་ཅིབ་ཏུ་འཕུར་བ་དང་། དམག་དོན་གནམ་གྲུ་དེས་བྲེལ་མྱུར་སྨན་རྫས་དང་སྨན་བཅོས་དཔྱད་ཆས། བྱིས་པའི་འོ་ཕྱེ། འཕྲོད་བསྟེན་མཁོ་དངོས་སོགས་དངོས་རྫས་ཏུན་བཅུ་གཉིས་དྲུད་ཡོད་ལ། དངོས་རྫས་དེ་དག་ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པར་སྤྲད་ནས། ཨེ་ཅིབ་ནས་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ལ་ཁ་པར་བཏང་། མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་དང་རྒྱ་ཡན་དུ་འགྲོ་བར་ངོ་རྒོལ་བྱེད་བཞིན་ཡོད་ལ། ཁྱད་པར་དུ་ལེ་པཱ་ནུན་དུ་མཆེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། མཱ་ཁི་ལུང་གིས་བསྐྱར་སྒྲོག་བྱས་དོན། ངེས་པར་དུ་ཅཱ་ཧྲའི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་པའི་བྱེད་ཐབས་གང་རུང་སྤྱད་དགོས་པ་དང་། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས། ཧྥ་རན་སིའི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་བྱེད་པ་དང་བྱེད་ཐབས་སྤྱད་དེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།