ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་འཛམ་གླིང་ཡོངས་ཀྱི་བྱ་འགུལ་དང་འཛམ་གླིང་འབྲུ་རིགས་གླེང་སྟེགས་རོ་མཱ་ནས་སྤེལ་མགོ་བརྩམས།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་འཛམ་གླིང་ཡོངས་ཀྱི་བྱ་འགུལ་དང་འཛམ་གླིང་འབྲུ་རིགས་གླེང་སྟེགས་སྤེལ་མགོ་རྩོམ་པའི་མཛད་སྒོ་སྤེལ་བ་དང་། ཆུའི་ཐོན་ཁུངས་ཀྱི་རྒྱུན་མཐུད་དོ་དམ་ལ་ཤུགས་སྣོན་པ་དང་ཞིང་ལས་འབྲུ་རིགས་མ་ལག་གི་འཕར་བསྒྱུར་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགུལ་སྐྱོད་མྱུར་མོར་དངོས་འབེབས་བྱེད་པ། ལྟོགས་སྡུག་མྱོང་མཁན་མེད་པའི་འཛམ་གླིང་མཉམ་འཛུགས་བྱེད་པ་བཅས་གནད་སར་བཟུང་ཡོད།

ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་བརྗོད་དོན་ནི་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ཆུ་ནི་འབྲུ་རིགས་ཀྱི་འབྱུང་རྩ་ཡིན་པས། མི་སུ་དང་གང་ཡང་རྗེས་སུ་མི་ལུས་པར་བྱེད་དགོས་ཞེས་པ་དེ་རེད། མི་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་སྡུག་ལ་སྦྱོར་བའི་འཐུང་ཆུ་དཀོན་པའི་གནད་དོན་དང་། སྦགས་བཙོག སྐྱེ་ཁམས་མ་ལག་གི་ཞན་འགྱུར། ནམ་ཟླའི་འགྱུར་ལྡོག་བཅས་ལས་ཆུ་ཐོན་ཟས་རིགས་ལ་བརྟེན་པའི་མི་དུང་ཕྱུར་དྲུག་ལ་བཟོས་པའི་ཤུགས་རྐྱེན་ལ་དོ་སྣང་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་སྤེལ་བའི་འཛམ་གླིང་འབྲུ་རིགས་ཉིན་མོའི་འཛམ་གླིང་ཡོངས་ཀྱི་བྱ་འགུལ་སྤེལ་མགོ་རྩོམ་སྐབས་གཏམ་བཤད་སྤེལ་ཏེ། ད་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་བརྗོད་དོན་ལས་ཆུ་དང་འབྲུ་རིགས་བར་གྱི་འབྲེལ་བ་གལ་ཆེན་རྒྱས་བཤད་བྱས་ཡོད་པ་དང་། དེའི་དམིགས་ཡུལ་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩར་གྱུར་བའི་ཆུ་བེད་ནན་བཤད་བྱེད་ཆེད་རེད། ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་མ་ཐོབ་ན་འབྲུ་རིགས་བདེ་འཇགས་གླེང་ཐབས་མེད་ཟེར།

ཆུས་ཏུང་ཡུས་ཀྱིས་བསྟན་དོན། མི་གྲངས་མྱུར་མོར་འཕར་བ་དང་། མཁར་གྲོང་ཅན་དང་བཟོ་ལས་ཅན་ལ་མྱུར་མོར་སྐུལ་འདེད་བཏང་བས། དཔལ་འབྱོར་འཕེལ་རྒྱས་དང་ནམ་ཟླའི་ཉམས་ཉེན་སོགས་ཀྱི་རྐྱེན་ལས་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་རྨང་གཞིར་གནོན་ཤུགས་ཆེན་པོ་བཟོས་ཡོད་པ་དང་། དེའི་ཞོར་དུ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་ཆུ་ལོག་དང་ཐན་པ་སོགས་རང་བྱུང་གནོད་འཚེ་ལས་འཛམ་གླིང་ཡོངས་ཀྱི་ཞིང་ལས་འབྲུ་རིགས་མ་ལག་ལ་གནོད་པ་ཐེབས་བཞིན་ཡོད་ཟེར། ཁོས་ལས་རིགས་སོ་སོས་འགུལ་སྐྱོད་སྤེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། ཉིས་སྟོང་ཉེར་གསུམ་ལོའི་འབྲུ་རིགས་ཉིན་མོ་དེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་གྱི་སྐབས་ལ་འཕྲད་ཡོད་ཅིང་། འཛམ་གླིང་ཧྲིལ་བོ་ལྟོགས་སྡུག་སེལ་བ་དང་འཚོ་བཅུད་མི་འདང་བའི་སྣང་ཚུལ་མེད་པར་གཏོང་བའི་ཐད་ཉམས་རྒུད་བྱུང་ཡོད། ཆུའི་ཐོན་ཁུངས་ལ་རྒྱུན་མཐུད་དོ་དམ་བྱེད་པ་དང་། ཞིང་ལས་དང་འབྲུ་རིགས་ཀྱི་ཐོན་སྐྱེད་ལ་ཡར་སྐུལ་བྱེད་པ་དེ་ལྟོགས་སྡུག་སེལ་བ་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག དམངས་ཁྲོད་སྤྱི་ཚོགས་དང་རིགས་གཞུང་ལས་རིགས་ཀྱིས་ལག་རྡང་སྦྲེལ་ནས་ལྟོགས་སྡུག་སེལ་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་དང་ཨིར་ལན་གྱི་ཙུང་ཐུང་ཞེ་ཅིན་སི། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་མེད་ཁའེ་ཨིན་སོགས་འཛམ་གླིང་འབྲུ་རིགས་ཉིན་མོའི་འཛམ་གླིང་ཡོངས་ཀྱི་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཚོགས་ཡུན་ཉིན་ལྔ་ཡིན་པའི་སྐབས་གསུམ་པའི་འཛམ་གླིང་འབྲུ་རིགས་གླེང་སྟེགས་དེ་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་རོ་མཱའི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཞིང་ལས་འབྲུ་རིགས་མ་ལག་གི་འཕར་བསྒྱུར་ལས་ནམ་ཟླའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ལ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱས་ཏེ་སྤེལ་བ་རེད། བྱ་འགུལ་གཙོ་བོར་འཛམ་གླིང་ཡོངས་ཀྱི་ན་གཞོན་གླེང་སྟེགས་དང་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཚན་རིག་དང་གསར་གཏོད་གླེང་སྟེགས། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལག་རྡང་སྦྲེལ་བའི་དངུལ་གཏོང་གླེང་སྟེགས་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།