ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་འདོན་སྤྲོད་བྱས་པའི་དོགས་ཡོད་ཉེས་ཅན་བཅུ་བདུན་འཛིན་བཟུང་བྱས།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་སྲིད་གཞུང་གིས་ཉེ་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པའི་དོགས་ཡོད་ཉེས་ཅན་བཅུ་བདུན་འཛིན་བཟུང་བྱས་ཡོད་ཟེར།

ཐུར་ཁེའི་བདེ་འཇགས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ས་དེའི་སྨྱན་བྱད་ལ་བཤད་རྒྱུར། ཐུར་ཁེའི་དངུལ་ལོར་ནག་ཉེས་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་སྙན་ཞུ་ཞིག་ནས་མངོན་པ་ལྟར་ན། མི་ཉི་ཤུ་ཡིས་ཀུང་ཟི་དང་མི་སྒེར་བརྒྱུད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པའི་དོགས་གཞི་ཡོད། དབྱི་སི་ཐན་པོར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་སྙན་ཞུ་དེ་གིར་བཟུང་ནས་རྟོག་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་དོགས་ཡོད་མི་སྣར་འཛིན་བཟུང་བཀའ་རྒྱ་བཏང་བ་ཡིན། མིག་སྔའི་བར་དུ་དོགས་ཡོད་ཉེས་ཅན་བཅུ་བདུན་འཛིན་བཟུང་བྱས་པ་དང་། གཞན་ཡང་མི་གསུམ་འཛིན་བཟུང་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཉིས་སྟོང་བཅུ་གསུམ་ལོར། ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་དེ་འཇིགས་སྐུལ་རྩ་འཛུགས་སུ་ཁྱབ་བསྒྲགས་བྱས་པ་རེད། དེའི་སྔོན་རྩ་འཛུགས་དེས་ཐུར་ཁེ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ནས། མི་བཅུ་ཕྲག་མང་བོར་ཤི་རྨས་བཟོས་ཡོད། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་མང་བོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་མང་བོ་འཛིན་བཟུང་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།