ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བསྟུད་མར་ཛ་དྲག་ཏུ་སོང་ནས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་བཀག་རྒྱ་ཐེབས་ཡོད།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མུ་མཐུད་དུ་མཚམས་བཞག་མེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་ཡང་ཇེ་ལྷོད་དུ་བཏང་མེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་སྒྲིག་ཆས་ཉིས་བརྒྱ་ལྷག་ལ་ཆམ་ཕབ་བཏང་བ་དང་། ཧཱ་མཱ་སིའི་འགུལ་སྐྱོད་སྤྱི་ཁྱབ་པུའུ་ལ་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་གཅིག་དང་ཧཱ་མཱ་སིའི་གསང་འཕྲིན་སྡེ་ཁག་གི་འགན་ཁུར་བ་གཅིག་བསད་ཡོད་ཟེར།

ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་ཐི་ལཱ་ཝེ་ཧྥུའུ་དང་ཡེ་ལུའུ་སཱ་ལེམ། པེ་ཨར་ཞེ་པཱ། ཨ་ཧྲི་ཁའེ་ལུང་སོགས་ས་ཁུལ་མང་བོར་མེ་ཤུགས་འཕུར་མདའ་བརྒྱ་ལྷག་གཏོང་འཕེན་བྱས་ཡོད་ཟེར། ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་དང་ཧན་ཡུག་ནེ་སི་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་ཡོད་ཟེར།

དེ་ལས་གཞན་ཨ་མེ་རི་ཁའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་མི་སྟོང་གཉིས་ཙམ་ལ་བཀོད་སྒྲིག་བརྡ་ཐོ་འབྱོར་ཡོད་ལ། དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་སོང་ནས་བཀའ་སྒུག་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འབར་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་དག་ལཱ་ཧྥ་རྒྱུ་ལམ་ལས་ཐར་མེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཀི་ལི་ཧྥེ་སི་ཚེས་བཅུ་བདུན་ཉིན་དབུས་ཤར་ས་ཁུལ་དུ་སོང་ནས་བར་འདུམ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།