ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་མི་སྣ་ཉིས་བརྒྱ་ལྷག་བཀག་འཇུག་བྱས།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་ཁཱ་སིང་སྟོང་ཤོག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་མི་སྣ་ཉིས་བརྒྱ་ནས་ཉིས་བརྒྱ་ལྔ་བཅུ་བཀག་འཇུག་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཟེར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མཱ་སིའི་དམག་དོན་དང་བཅོས་སྐྱོང་ནུས་པ་རྨེག་མེད་དུ་གཏོང་བའི་ཆོད་སེམས་ཡོད་ཟེར།

ཁཱ་སིང་སྟོང་ཤོག་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་མི་སྣ་ཉིས་བརྒྱ་ནས་ཉིས་བརྒྱ་དང་ལྔ་བཅུ་བཀག་འཇུག་བྱས་ཡོད་ལ། དྲག་ཆས་རྩ་འཛུགས་ཀྱིས་སྔར་བཞིན་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་དུ་དབྱི་སི་རལ་གྱི་མི་དེ་དག་ལ་མནར་གཅོད་བྱས་མེད་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ་མི་སྟོང་གཉིས་དང་བདུན་བརྒྱ་དོན་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དགུ་དང་དགུ་བརྒྱ་སོ་བརྒྱད་ལ་རྨས་ཕོག་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་མི་སྟོང་གཅིག་དང་བཞི་བརྒྱ་ལྷག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅོ་བརྒྱད་ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། པུའུ་ལིན་ཁུན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་མེ་རི་ཁ་དང་མཉམ་དུ་འཆར་གཞི་གཏན་འབེབས་བྱས་ནས། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དུ་འཇུག་པར་འཐད་པ་བྱུང་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་འདྲིས་མཐུན་སྦྱོར་བ་ཁི་པུས་ཀྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། པེད་ཏིན་ཚེས་བཅོ་བརྒྱད་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་སོང་ནས། སོ་སོར་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་བཅས་ལ་ཐུག་འཕྲད་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཚེས་བཅུ་དྲུག་ཉིན་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཁོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་རྩིས་བྱེད་པར་བཀག་འགོག་བྱེད་དགོས་པའི་ཚུལ་བསྟན། ཨ་པཱ་སི་ཡིས་མི་སེར་དཀྱུས་མར་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ངོ་རྒོལ་བྱེད་པ་དང་། ཞི་བདེ་དང་བདེ་འཇགས་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱས་ན་ད་གཟོད་མངོན་འགྱུར་བྱེད་ཐུབ་པ་ནན་བཤད་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་སོ་སོར་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་དང་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་བཅས་དང་ཁ་པར་གྲོས་མོལ་བྱས། ཕྱོགས་སོ་སོས་གཅིག་གྱུར་སྒོས་བལྟས་ན། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ངེས་པར་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། དགོས་མཁོ་ཡོད་པའི་མི་ཚང་མར་བྲེལ་མྱུར་སྐྱོར་ཐོབ་པར་སྟབས་བདེ་བཟོ་དགོས་པར་འདོད་ཡོད་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོགས་པོ་ཚང་མ་དང་མཉམ་དུ་འབད་བརྩོན་བྱས་ནས། མྱུར་མོར་འཁྲུག་རྩོད་མཚམས་བཞག་སྟེ་གནས་བབ་གཏན་འཇགས་མངོན་འགྱུར་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།