ཅཱ་ཧྲ་མཁར་གྲོང་གི་སྨན་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་ལྔ་བརྒྱ་ལྷག་འགའ་རྐྱེན་ལམ་དུ་ཤོར།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་སྟོང་གསུམ་དང་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན་ཉུང་མཐར་ཡང་མི་སྟོང་གཅིག་དང་བཞི་བརྒྱ་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཚེས་བཅུ་བདུན་ཉིན་ཅཱ་ཧྲ་མཁར་གྲོང་གི་སྨན་ཁང་ཞིག་ལ་འཇབ་རྒོལ་ཐེབས་པ་དང་། ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་འཇབ་རྒོལ་དེ་ལས་མི་ལྔ་བརྒྱ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྲོང་གི་སྨན་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི་བརྒྱ་ཕྲག་འགར་ཤི་རྨས་ཐེབས་ཡོད་པ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བཤད་ན་འདས་པོ་མང་ཆེ་བ་ནི་སྨན་ཁང་དུ་ཉེན་ཡོལ་བྱེད་པའི་ཡུལ་འཁྱམས་མཁན་རེད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲའི་སྨན་ཁང་དུ་འཇབ་རྒོལ་བྱས་པ་ཁས་ལེན་མ་བྱས་པར། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ནས་སྨན་ཁང་ལ་གཏོར་བརླག་ཐེབས་པར་སྐྱོན་འཛུགས་བྱས་ཀྱང་། ཅེ་ཧཱ་ཏི་ཡིས་དབྱི་སི་རལ་ཕྱོགས་ཀྱི་བཤད་ཚུལ་དེ་ཁས་ལེན་མ་བྱས།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་སྨན་ཁང་ལ་འགས་གཏོར་བཏང་བ་དེ་བཟོད་སྒོམ་བྱེད་ཐབས་མེད་པའི་འཐབ་འཁྲུག་གི་དམར་གསོད་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་རབ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཨ་རབ་རྒྱལ་ཁབ་དག་གིས་དབྱི་སི་རལ་གྱིས་སྨན་ཁང་ལ་འཇབ་རྒོལ་བྱེད་པའི་དྲག་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཕཱ་ལེ་སི་ཐན་དང་ཅོར་ཏན། ཨེ་ཅིབ་བཅས་རྒྱལ་ཁབ་གསུམ་གྱིས་ཚེས་བཅོ་བརྒྱད་ཉིན་ཅོར་ཏན་ནས་ཨ་མེ་རི་ཁའི་ཙུང་ཐུང་བར་སྤེལ་རྩིས་ཡོད་པའི་ཕྱོགས་བཞིའི་གྲོས་མོལ་རྩིས་མེད་དུ་གཏོང་རྒྱུའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་འཐབ་འཁྲུག་ལ་བཀག་འགོག་བྱེད་པའི་ཆོད་དོན་སྤེལ་མི་སྲིད་པར་འདོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཀྱང་ཅཱ་ཧྲའི་སྨན་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འཁྲུག་རྩོད་དང་ཁྲག་བཞུར་དོན་རྐྱེན་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།