རྒྱལ་ཁབ་བརྒྱ་ལྷག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཀྲུང་གོའི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅུ་བདུན་ཉིན། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། ཕཱ་ཁི་སི་ཐན་གྱི་འཐུས་མིས་རྒྱལ་ཁབ་དོན་གཉིས་ཀྱི་ཚབ་བྱས་ཏེ་ཐུན་མོང་གཏམ་བཤད་སྤེལ་ནས། ཀྲུང་གོའི་ཞིན་ཅང་དང་བོད། ཞང་ཀང་སོགས་ཀྱི་གནད་དོན་ལ་འབྲེལ་བའི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་སོ་སོའི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་བཅས་ཡོང་བར་བརྩི་འཇོག་བྱེད་པ་དང་། བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ཡིན། འགྲོ་མིའི་ཐོབ་ཐང་གནད་དོན་གྱི་ཆབ་སྲིད་ཅན་དང་ཚད་གཞི་ཟུང་ལྡན་ཅན་ལ་ངོ་རྒོལ་བྱེད་པ་དང་། འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཐུན་མོང་གཏམ་བཤད་ལས་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་བྱེད་པ་དང་། ཡོངས་ཁྱབ་རང་བཞིན་དང་དྲང་བདེན་རང་བཞིན། དངོས་ཡོད་རང་བཞིན། གདམ་གསེས་མ་ཡིན་པའི་རང་བཞིན་སོགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་རང་བདག་གིས་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱེད་པའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་ཟེར། ཐུན་མོང་གཏམ་བཤད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱས་ནས། མཉམ་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། བསྡོམས་པས་རྒྱལ་ཁབ་བརྒྱ་ལྷག་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་ཀྲུང་གོའི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།