དབྱི་སི་རལ་གྱིས་རྒུད་སྐྱོབ་དངོས་རྫས་དེ་ཨེ་ཅིབ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་མི་བྱེད་པར་འཐད་པ་བྱུང་།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་སྡེ་ཁག་གིས་གཅིག་གྱུར་ཆོད་དོན་སྤེལ་ནས། དབྱི་སི་རལ་གྱིས་མི་ཆོས་རྒུད་སྐྱོབ་དངོས་རྫས་དག་ཨེ་ཅིབ་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱེད་མི་སྲིད་ཀྱང་། དངོས་རྫས་དག་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ལག་ཏུ་ཤོར་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་རེ་བ་བཏོན་པ་ལྟར། དབྱི་སི་རལ་གྱིས་ཟས་རིགས་དང་འཐུང་ཆུ། སྨན་རྫས་སོགས་མི་ཆོས་རྒུད་སྐྱོབ་དངོས་རྫས་དག་ཨེ་ཅིབ་བརྒྱུད་ནས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱེད་མི་སྲིད་ཀྱང་། ཧཱ་མཱ་སི་ལ་སྐྱེལ་བའི་དངོས་རྫས་གང་རུང་ལ་བཀག་འགོག་བྱེད་སྲིད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧཱ་མཱ་སི་ཡིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་མ་བཏང་གོང་། མི་ཆོས་རྒུད་སྐྱོབ་དངོས་རྫས་གང་རུང་དབྱི་སི་རལ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་མི་ཆོག་ཟེར། དེ་ལས་གཞན་དབྱི་སི་རལ་གྱིས་རྒྱ་གྲམ་དམར་པོ་ཚོགས་པའི་མི་སྣས་ཧཱ་མཱ་ཡིས་བཀག་འཇུག་བྱས་པའི་མི་སྣར་སྐོར་བརྒྱག་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་འདོད་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།