སེར་ཝེ་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པའི་ཚུལ་བསྟན།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེར་ཝེ་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་ཐཱ་ཏིས་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་ རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་རིག་མཛོད་བརྗེ་རེའི་ཆེད་དོན་གླེང་སྟེགས་སྟེང་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་ངེས་གཏན་མེད་པའི་བདེ་འཇགས་ཀྱི་འགྲན་རྩོད་མང་བོར་འཕྲད་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་ལ་རྒྱང་རིང་གི་དམིགས་ཡུལ་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཐཱ་ཏིས་ཆི་ཡིས་བསྟན་དོན། ལོ་ངོ་བཅུའི་ལོ་ཟླ་འདས་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་གྱིས་རྒྱུན་པར་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མཉམ་ལས་གཉིས་ཕན་ལ་འབད་འབུང་བྱེད་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱིས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་འཁྲུག་རྩོད་ཇེ་ཉུང་དུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཐཱ་ཏིས་ཆི་ཡིས་ད་རུང་བཤད་རྒྱུར། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ལས་དོན་ཁྲོད་འགན་ཁུར་ལྗིད་མོ་ཁུར་དུ་བླངས་ནས། དོན་དངོས་ཀྱི་འགུལ་སྐྱོད་དང་འཆར་གཞི་མང་བོ་ལག་བསྟར་བྱས་ཡོད་ལ། ཁྱད་པར་དུ་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་སེམས་གཏིང་ནས་བཀའ་དྲིན་ཞུ་དགོས་ཡོད་ཟེར།



བསོད་ནམས་ཚེ་རིང་གིས་བསྒྱུར།