མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རྒུད་སྐྱོབ་བྱེད་དུ་འཇུག་པ་མྱུར་མོར་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དགུ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མྱུར་མོར་མངོན་འགྱུར་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཚད་བཀག་མི་ཐེབས་པར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་མྱུར་དུ་ཐོབ་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་དང་། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཁོས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་འཇོག་བྱས་ནས་མི་སེར་དཀྱུས་མར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད་ནས། ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ཀྱི་ཆེས་གཞི་རྩའི་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཉེ་བའི་གཟའ་འཁོར་གཉིས་ཀྱི་རིང་ལ། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་འབར་རྫས་དང་ཟས་རིགས། འཐུང་ཆུ། སྨན་རྫས། དེ་མིན་མཁོ་དངོས་གཞན་པ་གང་ཡང་ཐོབ་མེད། ཨེ་ཅིབ་ཀྱི་ཨ་ལི་ཧྲི་གནམ་གྲུ་ཐང་དང་ལཱ་ཧྥ་རྒྱུ་ལམ་ནི་ཅཱ་ཧྲ་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། ཁོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྲུའུ་ཁའེ་ལི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཚེས་ཉེར་གཅིག་ཉིན་ཁེ་རོ་ནས་སྤེལ་རྒྱུ་ཡིན་པའི་ཞི་བདེའི་མཐོ་རིམ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་། ཐེངས་འདིའི་མཐོ་རིམ་ཚོགས་འདུ་ནི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་ཆེན་དུ་ཡིན་ལ། དེའི་ཞོར་དུ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོག་སྐྱོར་དངོས་རྫས་སྐྱེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།