མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་སོར་ཧེ་ཐིའི་ནག་ཚོགས་ཀྱི་བཀག་སྡོམ་བྱེད་ཐབས་དང་ལི་པུ་ཡཱའི་རྡོ་སྣུམ་གྱི་ཁྲིམས་འགལ་ཕྱིར་གཏོང་གཏན་འགོག་བྱེད་པའི་བཀའ་རྒྱའི་ཡུན་ཚད་ཇེ་རིང་དུ་བཏང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུ་ཉིན་གྲོས་ཆོད་གཉིས་བཀོད་དེ། སོ་སོར་ཧེ་ཐིའི་ནག་ཚོགས་ཀྱི་བཀག་སྡོམ་བྱེད་ཐབས་དང་ལི་པུ་ཡཱའི་རྡོ་སྣུམ་གྱི་ཁྲིམས་འགལ་ཕྱིར་གཏོང་གཏན་འགོག་བྱེད་པའི་བཀའ་རྒྱའི་ཡུན་ཚད་ཇེ་རིང་དུ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་མར་གྲོས་ཆོད་གཉིས་བདུན་ཐིག་ཐིག་ལ་གཅིག་གྱུར་གྲོས་མཐུན་བཀོད་པ་དང་། ཆོད་དོན་ལས་ཧེ་ཐིའི་ནག་ཚོགས་ཀྱི་དྲག་ཆས་སྐྱེལ་འདྲེན་གཏན་འགོག་དང་གནས་སྐོར་བཀག་འགོག་གི་བཀའ་རྒྱ། རྒྱུ་ནོར་གྱི་བཀག་འཇོག་བྱེད་ཐབས་བཅས་ཀྱི་ཡུན་ཚད་གྲོས་ཆོད་དེར་གྲོས་མཐུན་བཀོད་པའི་ཉིན་ནས་བཟུང་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཧེ་ཐིའི་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་བྱ་བར་རོགས་འདེགས་བྱེད་པའི་ཆེད་མཁས་ཚན་ཆུང་གི་འགན་ཡུན་དེ་གྲོས་ཆོད་དེར་གྲོས་མཐུན་བཀོད་པའི་ཉིན་ནས་བཟུང་ཟླ་ངོ་བཅུ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་གྲོས་ཆོད་གཉིས་བདུན་ཐིག་གཅིག་ལ་གཅིག་གྱུར་གྲོས་མཐུན་བཀོད་དེ། ལི་པུ་ཡཱའི་རྡོ་སྣུམ་ཁྲིམས་འགལ་གྱིས་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་པའི་བཀའ་རྒྱའི་ལག་བསྟར་ཡུན་ཚད་དེ་ཉིས་སྟོང་ཉེར་ལྔ་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་བར་ཟླ་ངོ་བཅོ་ལྔས་ཇེ་རིང་དུ་བཏང་ནས། ལི་པུ་ཡཱའི་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་བྱ་བར་གཞོགས་འདེགས་བྱེད་པའི་ཆེད་མཁས་ཚན་ཆུང་གི་འགན་ཡུན་ཉིས་སྟོང་ཉེར་ལྔ་ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།